ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༠༤

ས་སྐྱ་ཁྲི་ཆེན་མཆོག་འབྲུག་ཡུལ་དུ་ཆིབས་སྒྱུར་བསྐྱངས་པའི་གནད་འགག


ཕྱི་ཟླ་༤་པའི་ཚེས་༡༥་ཉིན་འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་དང་བཙུན་མོ་གཉིས་ཀྱིས་དགུང་གྲངས་༧༨་ལ་ཕེབས་པའི་ས་སྐྱ་ཁྲི་ཆེན་རིན་པོ་ཆེ་དང་བདག་མོ་བཀྲ་ཤིས་ལྷ་སྐྱིད་སོགས་སྐུ་འཁོར་རྣམས་ལ་མཇལ་འཕྲད་གནང་འདུག (Photo: Pawo Choyning Dorji Facebook)
ཕྱི་ཟླ་༤་པའི་ཚེས་༡༥་ཉིན་འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་དང་བཙུན་མོ་གཉིས་ཀྱིས་དགུང་གྲངས་༧༨་ལ་ཕེབས་པའི་ས་སྐྱ་ཁྲི་ཆེན་རིན་པོ་ཆེ་དང་བདག་མོ་བཀྲ་ཤིས་ལྷ་སྐྱིད་སོགས་སྐུ་འཁོར་རྣམས་ལ་མཇལ་འཕྲད་གནང་འདུག (Photo: Pawo Choyning Dorji Facebook)

༄༅།། ཉེ་ཆར་འཁོན་རིགས་བསྟན་པའི་མངའ་བདག་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་འབྲུག་ཡུལ་དུ་ཆབས་སྒྱུར་གནང་ནས་གནས་གཟིགས་དང་ཆོས་ཕྱོགས་ཀྱི་མཛད་འཕྲིན་རྒྱ་ཆེན་བསྐྱངས། ཕྱི་ཟླ་༤་པའི་ཚེས་༢༡་ཉིན་རྒྱ་གར་གྱི་སྦྲག་ཟམ་དང་པོ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལྡི་ལི་གསར་པའི་ཤཱིབ་ན་ཌར་ཤེས་ཡོན་ཞིབ་འཇུག་ཁང་གི་ཧི་མ་ལ་ཡའི་ལྟེ་གནས་ཀྱི་ཉམས་ཞིབ་པ་གྲགས་ཅན། ཧྥ་རིགས་ཁེ་ལོ་ཌི་ཨར་ཕིས་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་འབྲུག་ཡུལ་དུ་ཆིབས་སྒྱུར་བསྐྱངས་པར་ཆོས་དང་སྲིད་ཀྱི་མཚོན་དོན་ཟབ་མོ་ཞིག་འདུག་ཅེས་དཔྱད་བརྗོད་ཀྱི་རྩོམ་ཡིག་ཅིག་སྤེལ་འདུག རྩོམ་ཡིག་དེར་ཉིན་ཤས་སྔོན་དུ་འཁོན་རིགས་བསྟན་པའི་མངའ་བདག་སྐྱབས་མགོན་གོང་མ་ཁྲི་ཆེན་རིན་པོ་ཆེ་འབྲུག་ཡུལ་དུ་ཕེབས་པའི་མཛད་རིམ་རྣམས་འཛམ་གླིང་གི་གསར་འགྱུར་ནང་དུ་མ་ཐོན་མོད། འོན་ཀྱང་ཆིབས་སྒྱུར་དེར་ཆོས་སྲིད་ཀྱི་ཤུགས་རྐྱེན་ཆེན་པོ་ཞིག་ཡོད་པ་ནི་ཐེ་ཚོམ་ཟ་དགོས་པ་ཞིག་མ་རེད་ཅེས་འཁོད།།

ཉམས་ཞིབ་པ་ཨར་ཕིས་ཕྱི་ཟླ་༤་པའི་ཚེས་༩་ཉིན་ས་སྐྱ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་དང་སྐུ་འཁོར་རྣམས་འབྲུག་ཡུལ་གྱི་སྤ་རོ་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་སྐབས་སུ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེས་ཕེབས་བསུ་ཞུས། རྫོང་གསར་མཁྱེན་བརྩེ་ནི་ས་སྐྱ་ཁྲི་ཆེན་རིན་པོ་ཆེའི་སློབ་མ་གཙོ་བ་ཞིག་དང་ཐེངས་འདིའི་ཆིབས་སྒྱུར་བཀོད་སྒྲིག་པ་ཡིན་པར་སྣང་། ཕྱི་ཟླ་༤་པའི་ཚེས་༡༡་ཉིན་ས་སྐྱ་ཁྲི་ཆེན་རིན་པོ་ཆེས་འབྲུག་པ་མང་ཚོགས་ལ་གུ་རུ་རིན་པོ་ཆེར་དད་པ་རྩེ་གཅིག་ཏུ་བྱ་རྒྱུ་གལ་འགངས་ཆེན་པོ་ཡིན་ཞེས་བཀའ་སློབ་རྩལ། ཕྱི་ཉིན་དེར་ས་སྐྱ་ཁྲི་ཆེན་རིན་པོ་ཆེས་རྫོང་གསར་མཁྱེན་བརྩེ་དང་འབྲུག་ཡུལ་གྱི་བླ་ཆེན་ཁག་ལ་མཇལ་འཕྲད་གནང་ཞིང་། ཕྱི་ཚེས་༡༣་ཉིན་འབྲུག་པ་ཚོས་བུམ་ཐང་དུ་ས་སྐྱ་ཁྲི་ཆེན་རིན་པོ་ཆེར་ཕེབས་བསུ་གཟབ་རྒྱས་ཞུས་པར་མ་ཟད། ས་སྐྱ་ཁྲི་ཆེན་རིན་པོ་ཆེས་འབྲུག་པ་མང་ཚོགས་ལ་གསུང་ཆོས་དང་དབང་ལུང་སོགས་ཀྱིས་ཚིམས་པར་མཛད།།

འབྲུག་པ་བཀའ་བརྒྱུད་པའི་སློབ་དཔོན་ཚོར་མཇལ་འཕྲད་དང་གསུང་གླེང་མཛད། (Photo: Pawo Choyning Dorji Facebook)
འབྲུག་པ་བཀའ་བརྒྱུད་པའི་སློབ་དཔོན་ཚོར་མཇལ་འཕྲད་དང་གསུང་གླེང་མཛད། (Photo: Pawo Choyning Dorji Facebook)

ཕྱི་ཟླ་༤་པའི་ཚེས་༡༥་ཉིན་འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་དང་བཙུན་མོ་གཉིས་ཀྱིས་དགུང་གྲངས་༧༨་ལ་ཕེབས་པའི་ས་སྐྱ་ཁྲི་ཆེན་རིན་པོ་ཆེ་དང་བདག་མོ་བཀྲ་ཤིས་ལྷ་སྐྱིད་སོགས་སྐུ་འཁོར་རྣམས་ལ་མཇལ་འཕྲད་གནང་འདུག ཕྱི་ཚེས་༡༦་ཉིན་ས་སྐྱ་ཁྲི་ཆེན་རིན་པོ་ཆེས་དགེ་འདུན་པ་ཞལ་གྲངས་༧༠༠་ཡོད་པའི་འབྲུག་ཡུལ་གྱི་ཞབས་དྲུང་གྲྭ་ཚང་སྟེ། འབྲུག་པ་བཀའ་བརྒྱུད་པའི་སློབ་དཔོན་ཚོར་མཇལ་འཕྲད་དང་གསུང་གླེང་མཛད། ༡༦༢༠་ལོར་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་འབྲུག་ཡུལ་གཅིག་ཏུ་བསྒྲིལ། ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་གསར་གཏོད་དང་རྒྱལ་ཁབ་གསར་འཛུགས། ཁྲིམས་ཡིག་ཞལ་ལྕེ་རྣམས་གཏན་དུ་ཕབ་ནས་འབྲུག་ཡུལ་དུ་འབྲུག་པ་བཀའ་བརྒྱུད་པའི་བསྟན་པ་སྤེལ། ས་སྐྱ་ཁྲི་ཆེན་རིན་པོ་ཆེས་འབྲུག་ཡུལ་གྱི་སློབ་དཔོན་ཚོར་དུས་རབས་༡༧་པ་ནས་དཔལ་ལྡན་ས་སྐྱ་པ་དང་ཞབས་དྲུང་གྲྭ་ཚང་གཉིས་ལ་འབྲེལ་བ་བཟང་པོ་ཞིག་ཚུགས་ཡོད་ཅེས་བྱུང་རབས་རྣམས་གསུངས།།

ཁེ་ལོ་ཌི་ཨར་ཕིའི་རྩོམ་ཡིག་དེར་ས་སྐྱ་ཁྲི་ཆེན་རིན་པོ་ཆེ་འབྲུག་ཡུལ་དུ་ཕེབས་པར་ཆབ་སྲིད་ཀྱི་མཚོན་དོན་གལ་ཆེན་ཞིག་འདུག དང་པོ་དེར་བོད་པ་དང་འབྲུག་པ་ཚོར་ཆབ་སྲིད་ལྟ་བའི་ཐོག་ཏུ་འགལ་ཟླ་ཡོད་ཀྱང་ཆོས་རིག་གི་འབྲེལ་བ་སྲ་བརྟན་ཡིན་པ་གསལ་པོར་མཚོན། ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་ནི་འབྲུག་པ་བཀའ་བརྒྱུད་པ་མིན་པ་དང་འབྲུག་པའང་མ་རེད། ཡིན་ནའང་འབྲུག་པ་ཚོ་བོད་ཀྱི་བླ་ཆེན་ཁག་ལ་དད་པ་དམ་ཚིག་གཙང་མ་ཡོད་པ་ནི་གསལ་པོ་རེད། ས་སྐྱ་ཁྲི་ཆེན་རིན་པོ་ཆེས་གང་ཉིད་འབྲུག་ཡུལ་གྱི་གནའ་བོའི་དགོན་པ་ཁག་ཏུ་གནས་གཟིགས་སུ་ཕེབས་རྒྱུ་བྱུང་བ་དང་འབྲུག་པ་མི་དམངས་ལ་ཐུག་འཕྲད་བྱུང་བར་དགྱེས་ཚོར་ཆེན་པོ་བྱུང་། འབྲུག་ཡུལ་དུ་བསྟན་པ་དར་ཁྱབ་ངོ་མཚར་ཅན་ཞིག་བྱུང་འདུག འབྲུག་ཡུལ་གྱི་རྒྱལ་པོ་ལའང་ཆོས་རྒྱལ་ཞེས་བསྔགས་བརྗོད་མཛད་ཅིང་། དེ་བཞིན་ས་སྐྱ་ཁྲི་ཆེན་རིན་པོ་ཆེས་འབྲུག་པ་ཚོས་གུ་རུ་རིན་པོ་ཆེར་གསོལ་བ་ཐོབས། དུས་རབས་༨་ནང་གུ་རུ་རིན་པོ་ཆེས་བོད་ལ་ཕེབས་ནས་གསང་སྔགས་ཀྱི་བསྟན་པ་དར་སྤེལ་མཛད་པ་དང་འབྲུག་ཡུལ་གྱི་ས་གནས་འགའ་ཞིག་ལ་ཞབས་ཀྱིས་བཅགས་ཏེ་བྱིན་གྱིས་རླབས་ཡོད་པ་རེད་ཅེས་གདམས།།

ཉམས་ཞིབ་པ་ཨར་ཕིས་ལོ་ཤས་གོང་དུ་ང་འབྲུག་ཡུལ་དུ་ཕྱིན་ཏེ་ཉམས་ཞིབ་ཁང་ཞིག་གི་འབྲུག་པའི་མཁས་པ་ཚོ་དང་ལོ་རྒྱུས་ཉམས་ཞིབ་པ་ཁག་ཅིག་ལ་ཐུག་འཕྲད་བྱ་རྒྱུའི་གོ་སྐབས་བྱུང་སོང་། ང་ཚོས་ཕན་ཚུན་གླེང་མོལ་བྱས་པའི་སྐབས་སུ་འབྲུག་པ་ཚོས་ངག་ནས་ང་ཚོའི་བྱང་ཕྱོགས་ཀྱི་ཁྱིམ་མཚེས་ཞེས་ཡང་ནས་ཡང་དུ་ཐོན་གྱི་འདུག ངའི་སེམས་སུ་འབྲུག་པ་ཚོས་རྒྱ་ནག་ཅེས་མིང་འབོད་མི་བྱེད་དོན་ཅི་ཡིན་ནམ་བསམས། ངས་ཁོ་ཚོར་རྣམ་པ་ཚོའི་སུ་གཅིག་གིས་ཀྱང་རྒྱ་ནག་ཅེས་མིང་འབོད་བྱེད་ཀྱི་མེད་དོན་ཅི་རེད་ཅེས་དྲིས་པ་ཡིན། ངའི་གྲོགས་པོས་འབུ་ཆེ་བས་ཆུང་བ་ཟ་བའི་དཔེ་ལྟར་རེད། འབྲུག་པ་ཚོར་རང་གི་བྱང་ཕྱོགས་ཀྱི་ཁྱིམ་མཚེས་དེའི་མིང་ནས་འབོད་འདོད་ཡོད་པ་མ་རེད་ཟེར་བྱུང་། ཉེ་དུས་བར་དུ་འབྲུག་གཞུང་གིས་བོད་པ་ཚོར་དོགས་ཟོན་བྱས་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་ནས་ལོ་༦༥་ཕྱིན་ཀྱང་འབྲུག་ཡུལ་དུ་གདན་འདྲེན་ཞུས་མེད་པ་རེད་ཅེས་བྲིས།།

རྩོམ་ཡིག་དེར་ས་སྐྱ་ཁྲི་ཆེན་རིན་པོ་ཆེ་འབྲུག་ཡུལ་དུ་ཕེབས་པར་ཆབ་སྲིད་ཀྱི་མཚོན་དོན་ཞིག་ཡོད་པ་བརྗོད་ཅི་དགོས། རྒྱ་ནག་གིས་རྟག་ཏུ་འབྲུག་ཡུལ་གྱི་ས་ཐོག་ཏུ་དཔུང་འཛུལ་བྱས་ནས་ཐུབ་ཚོད་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་འདུག ཟླ་བ་སྔོན་མར་རྒྱ་གར་གྱི་སྲིད་བློན་མོ་དྷི་འབྲུག་ཡུལ་དུ་འཚམས་འདྲིར་ཕེབས་པ་རྒྱ་ནག་གིས་འབྲུག་པའི་ས་ཆ་ཕྲོགས་ཏེ་ཐུབ་ཚོད་བྱེད་ཀྱི་ཡོད་པར་འབྲེལ་བ་ཡོད་ཤས་ཆེ། རྒྱ་ནག་གིས་འབྲུག་ཡུལ་ལ་ས་མཚམས་དབྱེ་འབྱེད་ཀྱི་གྲོས་མཐུན་འཇོག་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་ཀྱི་བླ་ཆེན་ཞིག་འབྲུག་ཡུལ་དུ་ཕེབས་པ་དེ་འབྲུག་པའི་ཕྱོགས་འཛིན་བྱས་པ་རེད་ཅེས་ངོས་འཛིན་བྱ་རྒྱུ་ཡིན་ནམ། དེ་ནི་བཤད་དཀའ་བ་ཞིག་རེད། བོད་པ་དང་འབྲུག་པའི་འབྲེལ་བའང་དུས་དང་རྣམ་པ་ཀུན་ཏུ་བཟང་པོ་ཞིག་མིན་ཤེས་དགོས། ཐེངས་འདིར་ས་སྐྱ་ཁྲི་ཆེན་རིན་པོ་ཆེ་འབྲུག་ཡུལ་དུ་ཕེབས་པ་ནི་བཟང་ཕྱོགས་ཀྱི་འགྱུར་ལྡོག་ཅིག་ལོས་ཡིན། ཆིབས་སྒྱུར་དེ་རྒྱ་ནག་གིས་དབྱེ་སྦྱོར་བྱས་ནས་དབང་བསྒྱུར་བྱེད་མི་ཐུབ་པའི་ར་སྤྲོད་སྟོབས་ཤུགས་ཅན་ཞིག་རེད། ས་སྐྱ་ཁྲི་ཆེན་རིན་པོ་ཆེའི་རྗེས་སུ་༧གོང་ས་ཏཱ་ལའི་བླ་མ་མཆོག་འབྲུག་ཡུལ་དུ་ཆིབས་སྒྱུར་བསྐྱང་སྲིད་དམ། ད་སྔ་དེ་ལྟར་གླེང་སློང་བྱ་རྒྱུ་སྔ་དྲགས་ཡོད་ཀྱང་དོ་དབྱིངས་ལྡན་པ་ཞིག་ཏུ་འགྱུར་ཤས་ཆེ་ཞེས་བཀོད་འདུག

གླེང་སྟེགས།

XS
SM
MD
LG