ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༣༠

ཡུཀ་རེན་གྱི་ཕོ་ཟད་མོ་ལ་ཐུག་གྲབས་ཡོད་པའི་མ་ཀིབ་གྲོང་ཚོ།


ཡུཀ་རེན་གྱི་ཕོ་ཟད་མོ་ལ་ཐུག་གྲབས་ཡོད་པའི་མ་ཀིབ་གྲོང་ཚོ།
ཡུཀ་རེན་གྱི་ཕོ་ཟད་མོ་ལ་ཐུག་གྲབས་ཡོད་པའི་མ་ཀིབ་གྲོང་ཚོ།

༄༅།། ཡུཀ་རེན་གྱི་ལྷོ་ནུབ་ཏུ་ཆགས་པའི་མ་ཀིབ་གྲོང་ཚོ་ནི་ཁྱིམ་མཚེས་རྒྱལ་ཁབ་རོ་མེ་ཎི་ཡ་དང་མལ་ཌོ་ཝ་གཉིས་ནས་དབྱིན་ལེ་༤༥་ཡས་མས་ཤིག་གི་མཚམས་སུ་ཡོད་ཅིང་། ཡུཀ་རེན་ལ་ཨུ་རུ་སུའི་བཙན་འཛུལ་བྱུང་ནས་ལོ་གཉིས་ལྷག་འགྲོ་བཞིན་པའི་སྐབས་འདིར་གྲོང་ཚོ་དེའི་སྐྱེས་པ་རྣམས་དམག་འཁྲུག་ལ་ཞུགས་ནས་མཐོང་ཐོས་མེད་པར་གྱུར། ཕྱི་ཟླ་༣་པའི་ཚེས་༡༧་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། མ་ཀིབ་གྲོང་ཚོར་སྐྱེས་པ་ཉུང་ཤས་ཤིག་ལྷག་ཡོད་པ་རྣམས་ཀྱང་ཡུན་རིང་མི་འགོར་བར་དམག་ཁོངས་སུ་བསྡུ་རྒྱུའི་རྣམ་པ་ཞིག་མངོན། གྲོང་ཚོ་དེའི་སྐྱེས་པ་མང་ཆེ་བ་དབྱིན་ལེ་བརྒྱ་ཕྲག་གི་ཕ་རོལ་ཏུ་ཡོད་པའི་ཡུཀ་རེན་གྱི་ཤར་ཕྱོགས་དམག་ས་ཁག་ཏུ་བཏང་སྟེ་བསད་རྨས་བྱུང་བ་དང་དམག་སར་བརླགས། སྐྱེས་པ་ཁག་ཅིག་དམག་ཁྲལ་ལ་གཡོལ་བར་ཕྱི་རྒྱལ་དུ་བྲོས་པ་དང་མི་ཁག་ཅིག་སྐུང་ནས་བསྡད། སྐྱེས་པ་ཉུང་ཤས་ཤིག་ལ་དམག་ཁྲལ་ཆག་ཡང་ཐོབ།།

མ་ཀིབ་ས་གནས་ཀྱི་སློབ་གྲྭའི་འགན་འཛིན་གཞོན་པ་ལཱ་རི་ས་བྷོ་ཌི་ན་ཞེས་པ་ཞིག་གིས་ཐོ་གཞུང་ཞིག་བསྟན་ནས་སློབ་ཕྲུག་འདི་ཚོའི་ཕ་མ་རྣམས་དམག་སར་བཏང་བ་དང་འདི་ནི་དངོས་འབྲེལ་རེད་ཅེས་གསར་འགོད་པར་གླེང་མོལ་བྱས་ཤིང་། གལ་ཏེ་ཡུཀ་རེན་གྱི་དམག་མི་ཚོར་སྲོག་སྐྱོན་དང་རྨས་སྐྱོན་མ་ཕོག་ཀྱང་ངལ་དུབ་ཀྱིས་མནར་ནས་ཨུ་རུ་སུའི་དམག་ལ་འཐབ་རྒོལ་བྱེད་པའི་སྟོབས་ཤུགས་ཉམས། ཨུ་རུ་སུའི་དམག་མི་བསད་རྨས་ཚབས་ཆེན་བྱུང་ཡང་མི་འབོར་དང་དཔལ་འབྱོར་སོགས་ཕྱོགས་གང་ཐད་དུ་ཡུཀ་རེན་དང་མ་འདྲ་བར་དམག་འཁྲུག་རྒྱུན་འཁྱོགས་བྱེད་ཐུབ་པའི་སྟོབས་ཤུགས་ལྡན། ཡུཀ་རེན་གྱི་རྒྱལ་ཡོངས་གྲོས་ཚོགས་སུ་དམག་ཁྲལ་གྱི་ལོ་ཚད་༢༧་ནས་༢༥་བར་དུ་དམའ་རུ་གཏོང་རྒྱུའི་གྲོས་སྡུར་བྱས་ཀྱང་ལས་དོན་ཅི་ཡང་ཐག་གཅོད་མ་བྱུང་། མ་ཀིབ་གྲོང་ཚོའི་ཡུལ་མི་རྣམས་ཀྱིས་དམག་སྡུད་པ་ཚོས་སྐྱེས་པ་ལག་ཏུ་ཐེབས་ཚད་ཁྲིད་འགྲོ་བཞིན་འདུག་ཅེས་སྐྲག

བུད་མེད་ཅིག་གིས་གྲོང་གསེབ་ཀྱི་ནང་དུ་རོགས་སྐྱོར་གྱི་སྒམ་ཆུང་ཞིག་འཁྱེར་ནས་ཡོང་གི་འདུག
བུད་མེད་ཅིག་གིས་གྲོང་གསེབ་ཀྱི་ནང་དུ་རོགས་སྐྱོར་གྱི་སྒམ་ཆུང་ཞིག་འཁྱེར་ནས་ཡོང་གི་འདུག

ཡུཀ་རེན་གྱི་ནུབ་ཕྱོགས་ས་གནས་ཁག་ཏུ་དམག་སྐུལ་བྱ་རྒྱུ་མང་དྲགས་ཏེ་མི་མང་ཁོང་ཁྲོས་བརྟས། མ་ཀིབ་ལྟ་བུའི་ཞིང་ལས་ས་ཁུལ་གྱི་གྲོང་གསེབ་པ་ཚོས་ཡུཀ་རེན་གྱི་དམག་མི་བསྡུ་སྐོང་ལམ་ལུགས་འདྲ་མཉམ་མི་འདུག གྲོང་གསེབ་ཁག་གི་སྐྱེས་པ་རྣམས་དམག་ཁྲལ་རྒྱུག་དགོས་ཀྱང་རྒྱལ་ས་ཀིབ་སོགས་གྲོང་ཁྱེར་ཁག་གི་སྐྱེས་པ་ཚོ་དམག་ཁྲལ་མ་བརྒྱུགས་པར་གཡོལ་ཐབས་རྙེད་འདུག་ཅེས་འཁང་ར་བཤད། གྲོང་གསེབ་པ་ཚོས་དར་འཕྲིན་དྲྭ་ལམ་དུ་དམག་སྡུད་པ་རྣམས་ཡོང་གི་འདུག་ཅེས་ཕན་ཚུན་སྔོན་བརྡ་གཏོང་བ་དང་སྐྱེས་པ་རྣམས་བཙན་གྱིས་དམག་ཁོངས་སུ་བསྡུ་བཞིན་པའི་བརྙན་པར་རྣམས་དྲྭ་ལམ་དུ་བཀྲམ། དམག་ཁྲལ་མ་བརྒྱུགས་པའི་ཡུཀ་རེན་བ་ཁག་ཅིག་བཙོན་དུ་ཚུད། ལོ་ན་༣༥་ལ་སོན་པའི་ཨོལ་ཧ་ཀ་མེ་ཊི་ཡུག་ཟེར་བའི་བུད་མེད་ཅིག་གིས་ང་ཚོའི་སྐྱེས་པ་རྣམས་སྲང་ལམ་ཁག་ཏུ་ཁྲི་འཛིན་འཛིན་བྱེད་ཀྱི་འདུག ངའི་ཁྱོ་ག་ཝ་ལེན་ཊིན་སྔ་ལོའི་ཕྱི་ཟླ་༦་པའི་ནང་མ་ཀིབ་གྲོང་ཚོའི་འཚིག་ཇ་འཐུས་སའི་ཇ་ཁང་ཞིག་ཏུ་དམག་སར་ཁྲིད་ནས་རྨས་སྐྱོན་ཕོག་སོང་ཞེས་བཀྲལ།།

ལོ་ན་༦༡་ལ་སོན་པའི་ཝེ་ལིན་ཊིན་གྱི་མ་རྒན་ན་ཊ་ལི་ཡ་ཀོ་ཤ་པ་རེན་ཀོས་གྲོང་གསེབ་འདིའི་སྐྱེས་པ་ཚང་མ་དམག་སར་ཁྲིད་ཚར་བ་རེད་ཅེས་ཚིག་འགའ་བསྣན། ལོ་ན་༤༧་ལ་སོན་པའི་སར་ཧི་ཟེར་བ་ནི་ཡུཀ་རེན་གྱི་རུ་ཤོག་༡༡༥་པའི་འཐབ་མོ་བ་ཞིག་ཡིན་ཞིང་། ཁོ་པ་༢༠༢༢་ལོའི་ཕྱི་ཟླ་༣་པའི་ནང་དམག་ཁོངས་སུ་བསྡུས། ཁོ་པས་མ་ཀིབ་གྲོང་ཚོའི་སྐྱེས་པ་ཕལ་མོ་ཆེ་དམག་ཁོངས་སུ་བསྡུས་ཟིན་པ་རེད། ང་ནི་མི་མང་དཀྱུས་མ་ཞིག་ཡིན་རུང་དམག་འཁྲུག་ལ་ཞུགས་ཡོད། ཉི་མ་གཅིག་ལའང་དམག་སར་ཕྱིན་མྱོང་མེད་པའི་དམག་མི་ཚོ་མཐོང་ན་ཁོང་ཁྲོ་ལང་གི་འདུག་ཅེས་གསར་འགོད་པར་སེམས་གཏམ་སྨྲས། ན་ནིང་ཕྱི་ཟླ་༢་པའི་ཚེས་༡༤་ཉིན་ལོ་ན་༣༠་ཐམ་པར་སོན་པའི་ཨོ་ལེག་སི་ཞེས་པ་ཞིག་ལ་དམག་ཁྲལ་རྒྱུག་དགོས་པའི་བཀའ་ཡིག་འབྱོར། ཁོ་པས་རང་ཉིད་དམག་ཁོངས་སུ་བསྡུས་པ་གྲོགས་མོར་བཤད། གྲོགས་མོ་ཨལ་ཝི་ར་སེམས་ཁྲལ་གྱིས་མནར་ཏེ་ཉིན་མང་པོར་ཟས་ཀྱི་དང་ག་ཆད།།

མ་ཀིབ་གྲོང་ཚོའི་ཡུལ་མི་ཚོས་ཟླ་བ་རྟག་པར་དམག་སར་བསད་པའི་སྐྱེས་པ་ཚོའི་ཕུང་པོ་དུར་དུ་སྦས། ཟླ་བ་འདིར་གྲོང་ཚོ་དེའི་སྐྱེས་པ་ཨི་ཧོར་ཌོ་ཛོ་རེ་ཊི་སི་ཞེས་ཞིག་ལ་རྨས་སྐྱོན་ཕོག་ནས་གྲོངས། སྐྱེས་པ་དེའི་བུ་ཡང་དམག་ཁོངས་སུ་ཞུགས་ཡོད་པ་དང་ཁོ་པས་ཨ་ཕའི་ལག་པའི་སྟེང་དུ་རྨ་རྗེས་ཤིག་ཡོད་པ་དེར་བལྟས་ནས་ཕུང་པོ་ངོ་ཐག་བཅད། ལོ་ན་༤༣་ལ་སོན་པའི་ཨི་ཧོར་གྱི་སྲིང་མོ་ཨི་ན་མེལ་ཎི་ཡག་གིས་མིག་ཆུ་གཏོང་བཞིན་ང་ཚོ་དམག་འཁྲུག་ལ་ཡི་ཐང་ཆད་ཡོད། ཡིན་ནའང་བྱ་ཐབས་ཅི་ཡང་མི་འདུག་ཅེས་སྡུག་སྐད་བརྒྱབ། རྒད་པོ་ཝ་སི་ལི་ཧེ་རི་བྷེན་ནུག་ཟེར་བ་ཞིག་གིས་ང་ནི་ལོ་༧༠་ཐམ་པ་ཡིན། དམག་སྡུད་པ་ཚོ་མ་ཀིབ་གྲོང་ཚོར་ཡོང་ནས་ང་དམག་ཁོངས་སུ་ཞུགས་ཐུབ་རྒྱུ་ཡིན་མིན་ཐེངས་འགར་དྲིས་བྱུང་། བདུན་ཕྲག་༦་གི་སྔོན་དེར་དམག་སྡུད་པ་ཚོ་ཡོང་ནས་ངའི་ཁྱིམ་མཚེས་ཀྱི་སྒོ་བརྡུངས་སོང་། ཁྱིམ་མཚེས་ཀྱི་སྐྱེས་པ་དེས་ཨ་མ་དང་ཆུང་མ་བཞག་ནས་གར་སོང་ཆ་མེད་དུ་གྱུར་པ་དང་དམག་སྡུད་པ་ཚོས་ཉིན་དེར་མི་དེ་བཟུང་ནས་རླངས་འཁོར་ནང་དུ་ཁྲིད་ཡོད་ན་ཏག་ཏག་ཟེར་གྱི་ཡོད་པ་ངས་གོ་ཐོས་བྱུང་སོང་ཞེས་བཀྲལ།།

ཕྱི་ཟླ་༣་པའི་ཚེས་༡༧་ཉིན་ཚོང་ལས་ནང་ཚགས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༢༢་ནས་ཡུཀ་རེན་གྱི་དམག་ས་ཁག་ཏུ་སྲི་ཞུ་སྒྲུབ་བཞིན་པའི་ཨ་རིའི་སྨན་ཞབས་པ་རེ་བྷེ་ཁ་མ་སི་ཡོ་རོ་སི་ཀིས་ཨུ་རུ་སུའི་དམག་གིས་ཚུར་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་འདུག ཨ་རིའི་གྲོས་ཚོགས་འོག་མས་ཡུཀ་རེན་ལ་དམག་དོན་རོགས་དངུལ་བཅད། ཡུཀ་རེན་གྱི་དམག་ལ་མེ་སྒྱོགས་དང་སྒྱོགས་མདེལ་མེད་པར་འཐབ་རའི་ནང་དུ་ཨུ་རུ་སུའི་དམག་ལ་ཁ་ལག་འཛིང་བྱ་དགོས་པ་མཐོང་ན་བཟོད་ཐབས་བྲལ། ཨུ་རུ་སུའི་བཙན་འཛུལ་བྱས་པ་མིག་གིས་མཐོང་སྟེ་ངས་ལྟད་མོར་བལྟས་ནས་མ་བསྡད་པར་ཡུཀ་རེན་ལ་རྒྱབ་སྐྱོར་བྱེད་དུ་ཡོང་བ་ཡིན་ཞེས་གསར་འགོད་པར་གླེང་མོལ་བྱས་འདུག ཁོ་མོས་འཐབ་འཁྲུག་གི་ཁྲོད་དུ་ཡུཀ་རེན་གྱི་དམག་མི་རྨས་མ་༡༠༠༠་ལྷག་ཉེན་སྐྱོབ་བྱས་ཀྱང་དམག་མི་མང་པོ་ཤི་བའང་མཐོང་མྱོང་ཞིང་། ན་ནིང་ཕྱི་ཟླ་༡༡་པ་ནས་མདེའུ་དང་སྒྱོགས་མདེལ་ཆད་ནས་ཡུཀ་རེན་གྱི་དམག་གིས་ཨུ་རུ་སུའི་དམག་ལ་འགོག་རྒོལ་བྱེད་ཐུབ་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

ཉེ་ཆར་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཡུཀ་རེན་ལ་བཙན་འཛུལ་བྱུང་ནས་ལོ་༢་འཁོར་བའི་དུས་དྲན་སྐབས་དེར་སྲིད་འཛིན་ཛེ་ལན་སི་ཀིས་དམག་མི་༣༡༠༠༠་ལ་སྲོག་སྐྱོན་ཕོག་སོང་ཞེས་གྲངས་འབོར་ཞིག་བསྒྲགས། ཨ་རིའི་གསང་བའི་ལས་ཁུངས་ཁག་གིས་ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས་ནས་བཟུང་སྟེ་ཨུ་རུ་སུའི་དམག་མི་༣༡༥༠༠༠་ལྷག་བསད་རྨས་བྱུང་འདུག་ཅེས་ཚོད་དཔག་གི་སྙན་ཐོ་བཏོན། ཟླ་བ་འདིའི་ཚེས་༡༥་ནས་༡༧་བར་དུ་ཨུ་རུ་སུར་སྲིད་འཛིན་འོས་བསྡུ་བྱས་ནས་ཕུ་ཊིན་སླར་ཡང་སྲིད་འཛིན་ལ་བདམས། དེར་བརྟེན་ཕུ་ཊིན་གྱིས་ཡུཀ་རེན་ལ་ཞི་བའི་གྲོས་མོལ་བྱས་ནས་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་རེ་བ་ཆུང་། སྲིད་འཛིན་བྷ་ཌན་གྱིས་ཡུཀ་རེན་ལ་ཨ་སྒོར་དུང་ཕྱུར་༦༠༠་དམག་དོན་རོགས་དངུལ་སྤྲོད་རྒྱུའི་ཐག་གཅོད་བྱས་ཀྱང་ཨ་རིའི་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་ཡུཀ་རེན་ལ་དམག་དོན་རོགས་དངུལ་བཀག ཡུཀ་རེན་གྱི་དམག་གིས་ཨུ་རུ་སུའི་དམག་དཔུང་འགོག་མ་ཐུབ་པར་ཨབ་ཌིབ་ཀ་གྲོང་ཁྱེར་ཤོར་བའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༣་པའི་ཚེས་༡༧་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་ལ་མདེའུ་དང་སྒྱོགས་མདེལ་ཇེ་དཀོན་དུ་ཕྱིན་པའི་སྟབས་ཀྱིས་འཐབ་ཇུས་ལ་འགྱུར་བ་བཏང་འདུག ཁོ་ཚོས་སྒྱོགས་མདེལ་དང་ཁ་ལོ་བ་མེད་པའི་འཕུར་གྲུ་ཡོད་པ་ཁག་གིས་ཨུ་རུ་སུའི་དམག་གྲུ་དང་གོ་མཛོད། རྡོ་སྣུམ་བཙོ་སྦྱང་བྱ་ཡུལ། ཨུ་རུ་སུའི་ནང་ཁུལ་དུ་གཏོར་རྒོལ་བྱས་ནས་རྒོལ་ལན་སློག་ཐབས་བྱེད་ཀྱི་འདུག་ཅེས་གནས་ཚུལ་སྤེལ། ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གིས་ཡུཀ་རེན་གྱི་འཕུར་གྲུ་༣༥་བར་སྣང་དུ་གཏོར་བ་ཡིན། བྷེལ་གྷོ་རོ་ཌི་དང་ཀུར་སི་ཀ རུ་སི་ཊོབ་དང་ཀ་ར་སི་ནོ་ཌར་ས་གནས་བཅས་སུ་ཡུཀ་རེན་གྱི་འཕུར་གྲུ་དེ་ལས་མང་བ་ཞིག་བར་སྣང་དུ་གཏོར་ཡོད་ཅེས་གསལ་བསྒྲགས་སྤེལ། ཁ་སང་གཟའ་ཉི་མར་ཡུཀ་རེན་གྱི་རྒོལ་རྡུང་བྱས་ནས་ཨུ་རུ་སུའི་མཐའ་མཚམས་གྲོང་གསེབ་ཅིག་ཏུ་བུ་མོ་ལ་༡༦་ཅན་ཞིག་དང་སྐྱེས་པ་ཞིག་བསད། བུ་མོ་དེའི་ཨ་ཕ་ཚུད་པའི་མི་༡༡་ལ་རྨས་སྐྱོན་ཕོག འདས་པའི་ལོ་གཉིས་ཀྱི་རིང་ཡུཀ་རེན་རྒྱལ་ནང་དུ་མཚོན་ཆའི་བཟོ་ལས་སླར་གསོ་ཐུབ་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG