ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༣༠

ནང་སྲིད་བློན་ཆེན་གྱིས་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་སྤྲོད་རྒྱུ་མིན་ཟེར་སྐད།


རྒྱ་གར་གྱི་སྲིད་བློན་མོ་དྷིས་དང་ནང་སྲིད་བློན་ཆེན་ཨ་མེ་ཏ་ཤཱས་
རྒྱ་གར་གྱི་སྲིད་བློན་མོ་དྷིས་དང་ནང་སྲིད་བློན་ཆེན་ཨ་མེ་ཏ་ཤཱས་

༄༅།། རྒྱ་གར་གྱི་ནང་སྲིད་བློན་ཆེན་ཨ་མེ་ཏ་ཤཱས་ང་ལ་སྲིད་བློན་མོ་དྷིས་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་སྤྲོད་ཤོག་ཅེས་བཀའ་ཕབ་ཀྱང་ངས་སྤྲོད་རྒྱུ་མིན་ཟེར་བ་རེད་ཅེས་གནས་ཚུལ་ཐོན་འདུག ཕྱི་ཟླ་༤་པའི་ཚེས་༡༣་ཉིན་རྒྱ་གར་གྱི་ཊི་རི་བྷུན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ལ་དྭགས་ཀྱི་སྤྱི་ཚོགས་ལས་འགུལ་བ་བསོད་ནམས་དབང་ཕྱུག་གིས་ཁ་སྔོན་ཕྱི་ཟླ་༣་པའི་ཚེས་༤་ཉིན་གླེའི་འགོ་གཙོ་ལྷན་ཚོགས་དང་མཁར་དཀྱིལ་དམངས་གཙོ་མཐུན་ཚོགས་ཀྱི་སྐུ་ཚབ་ཁག་ཅིག་ལྡི་ལི་གསར་པར་བཅར་ནས་ནང་སྲིད་བློན་ཆེན་ཨ་མི་ཏ་ཤཱ་ལ་ཐུག་འཕྲད་གྲོས་མོལ་བྱས་པ་རེད། སྐབས་དེར་ནང་སྲིད་བློན་ཆེན་གྱིས་ང་ལ་སྲིད་བློན་མོ་དྷིས་རྩ་ཁྲིམས་དོན་ཚན་དྲུག་པའི་དགོངས་དོན་ལྟར་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་སྤྲོད་ཤོག་ཅེས་བཀའ་ཕབ་ཀྱང་ངས་སྤྲོད་རྒྱུ་མིན་ཞེས་བཤད་པ་རེད་ཟེར་བའི་གནས་ཚུལ་ཐོན་འདུག

ལ་དྭགས་པ་བསོད་ནམས་དབང་ཕྱུག་གིས་ནང་སྲིད་བློན་ཆེན་ཨ་མེ་ཏ་ཤཱ་རྒྱ་གར་བྱང་ཤར་གྱི་ཨ་སམ་མངའ་སྡེར་ཕེབས་པའི་སྐབས་སུ་ལ་དྭགས་ཀྱི་ས་ཆ་སོར་གང་རྒྱ་ནག་ལ་ཤོར་མེད་ཅེས་བསྒྲགས་པ་རེད། དེས་ན་ས་མཚམས་ཀྱི་རྩྭ་ས་ཁག་ཏུ་ལ་དྭགས་ཀྱི་འབྲོག་པ་རྣམས་ཕྱུགས་ཟོག་འཚོ་སྐྱོང་བྱེད་དུ་བསྐྱོད་ཆོག་གི་མེད་པ་ནི་ཁྱད་མཚར་རེད་ཅེས་སྨྲས། རྒྱ་གར་གྱི་ནང་སྲིད་བློན་ཆེན་གྱིས་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་སྤྲོད་རྒྱུར་མོས་མཐུན་མ་བྱས་པའི་རྗེས་སུ་ཕྱི་ཟླ་༣་པའི་ཚེས་༦་ནས་ཉི་མ་༢༡་གི་རིང་སྐུ་ཞབས་བསོད་ནམས་དབང་ཕྱུག་གིས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ། ཁོང་གི་ལས་འགུལ་དེར་ལ་དྭགས་ཀྱི་ནང་པ་དང་ཁ་ཆེ་སོགས་ལ་དབྱེ་བ་མེད་པར་མི་མང་སྟོང་ཕྲག་མང་པ་མཉམ་ཞུགས་བྱས། དེ་བཞིན་རྒྱ་གར་གྱི་གྲོང་ཁྱེར་ཁག་གི་ཤེས་ཡོན་ཅན་དང་ཁོར་ཡུག་སྲུང་སྐྱོབ་པ་སོགས་ཀྱི་རྒྱབ་སྐྱོར་ཐོབ། བདུན་ཕྲག་སྔོན་མར་ལ་དྭགས་པ་ཚོ་ས་མཚམས་བར་དུ་གོམ་སྐྱོད་བྱས་ནས་རྒྱ་ནག་ལ་ངོ་རྒོལ་བྱ་རྒྱུའི་ལས་འགུལ་བཀོད་སྒྲིག་བྱས་ཀྱང་རྒྱ་གར་གཞུང་གིས་བཀག་སྟེ་ས་མཚམས་སུ་བསྐྱོད་མ་ཐུབ།།

རྒྱ་གར་གྱི་ནང་སྲིད་བློན་ཆེན་ཨ་མེ་ཏ་ཤཱས་
རྒྱ་གར་གྱི་ནང་སྲིད་བློན་ཆེན་ཨ་མེ་ཏ་ཤཱས་

ཕྱི་ཟླ་༤་པའི་ཚེས་༡༥་ཉིན་རྒྱ་གར་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ཚོགས་ལས་འགུལ་བ་བསོད་ནམས་དབང་ཕྱུག་གིས་ཕྱི་ཟླ་༤་པའི་ཚེས་༡༧་ནས་ལ་དྭགས་ཀྱི་འགོ་གཙོ་ལྷན་ཚོགས་ཀྱི་འགོ་ཁྲིད་འོག ལ་དྭགས་པ་ཚོས་ཧི་མ་ཅལ་མངའ་སྡེའི་ཉེ་འཁྲིས་སུ་ཆགས་པའི་སྐང་ཆུ་ཐང་བར་དུ་ཉིན་ལྔའི་གོམ་བགྲོད་བྱས་ཏེ་འབྲོག་པ་ཚོར་གདུང་སེམས་མཉམ་སྐྱེད་བྱ་རྒྱུ་དང་འབྲོག་པ་དེ་དག་གི་རྩྭ་ས་རྒྱ་ཆེན་པོ་ཞིག་བཟོ་ཚོང་བདག་པོ་ཚོར་ཤོར་ཡོད་པར་ངོ་རྒོལ་བྱ་རྒྱུ་ཡིན། གོམ་སྐྱོད་ལས་འགུལ་དེར་མི་༢༠་ཡས་མས་ཤིག་ཞུགས་ཀྱི་ཡོད་པ་དང་རྒྱ་གར་དབུས་གཞུང་གི་དགག་བྱ་མེད་ན་སྐང་ཆུ་ཐང་ནས་བྱང་ཐང་དུ་བསྐྱོད་འཆར་ཡོད། འདས་པའི་ལོ་བཞིའི་རིང་ལ་དྭགས་ཀྱི་གླེའི་འགོ་གཙོ་ལྷན་ཚོགས་དང་མཁར་དཀྱིལ་དམངས་གཙོ་མཐུན་ཚོགས་གཉིས་ཀྱིས་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་དགོས་ཞེས་འཐབ་རྩོད་བྱས་ཀྱང་འབྲས་བུ་མ་སྨིན་པ་རེད་ཅེས་བཀྲལ།།

ལ་དྭགས་པ་བསོད་ནམས་དབང་ཕྱུག
ལ་དྭགས་པ་བསོད་ནམས་དབང་ཕྱུག

ལ་དྭགས་པ་བསོད་ནམས་དབང་ཕྱུག་གིས་ལྡི་ལི་གསར་པའི་མི་ཁག་ཅིག་གིས་ང་ཚོ་རྒྱལ་གཅེས་རིང་ལུགས་པ་མ་རེད། རྒྱ་ནག་དང་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་གསང་ཉུལ་རེད་ཅེས་བསྙོན་འཛུགས་བྱེད་ཀྱི་ཡོད་པ་ནི་ཐབས་རྡུགས་ཤིག་ཡིན་པར་མ་ཟད། ང་ཚོའི་གོམ་སྐྱོད་ཀྱི་དམིགས་ཡུལ་ངོ་མ་ནི་ལ་དྭགས་མི་དམངས་ཀྱི་དཀའ་ངལ་རྣམས་གསལ་སྟོན་ཐུབ་ཐབས་དང་རྒྱ་གར་དབུས་གཞུང་གིས་ལ་དྭགས་མི་དམངས་ལ་ཁས་ལེན་བྱས་པ་རྣམས་བསྒྲུབ་དགོས་ཞེས་གཞེན་སྐུལ་བྱ་རྒྱུའི་ཆེད་དུ་ཡིན། ལ་དྭགས་པ་ཚོ་ཕྱི་ཟླ་༤་པའི་ཚེས་༧་ཉིན་ས་མཚམས་སུ་བསྐྱོད་ནས་ཞིང་འབྲོག་མང་ཚོགས་ཀྱི་ས་ཆ་རྣམས་རྒྱ་ནག་གིས་ཕྲོགས་པར་ངོ་རྒོལ། རྒྱ་གར་གྱི་བཟོ་ཚོང་ལས་ཁང་གིས་ས་ཞིང་དང་རྩྭ་ས་ཕྲོགས་ཏེ་བཟོ་གྲྭ་བཙུགས་ནས་གཏེར་ཁ་སྔོག་པའམ། ཡང་ན་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱས་ནས་ཁོར་ཡུག་ལ་གཏོར་བཤིག་གཏོང་གི་ཡོད་པ་ངོ་རྒོལ་བྱ་ཐབས་བྱས་ཀྱང་རྒྱ་གར་གཞུང་གིས་བཀག་སྟེ་བསྐྱོད་མ་ཐུབ་པ་རེད་ཅེས་བསྟན།།

ཕྱི་ཟླ་༤་པའི་ཚེས་༡༣་ཉིན་རྒྱ་གར་གྱི་རྒྱལ་སྲུང་བསྐྱར་ཞིབ་དུས་དེབ་ནང་དུ་གནས་ཚུལ་ཐོན་པ་ལྟར་ན། ལ་དྭགས་ཀྱི་ཆགས་ཡུལ་ནི་དབུས་ཨེ་ཤི་ཡ་དང་ཤར་ཨེ་ཤི་ཡ། ལྷོ་ཨེ་ཤི་ཡ་བཅས་ཀྱི་བཞི་མདོ་ཞིག་ཏུ་ཡོད་ཅིང་། ལ་དྭགས་ཀྱི་ས་ཞིང་ཁག་ཅིག་གཤིན་པོ་དང་ཆུ་བོ་ཁག་གི་འགྲམ་དུ་ཞིང་ལས་ཡར་རྒྱས་གཏོང་ས་མང་པོ་འདུག ལ་དྭགས་སུ་ཉི་འོད་བཀྲ་བ་བཅས་ཀྱིས་ཡུལ་སྐོར་སྤྲོ་འཆམ་གྱི་ས་གནས་ཤིག་གི་ཆ་རྐྱེན་ཡོངས་སུ་འཛོམས། ལ་དྭགས་སུ་ཆུ་ཤུགས་གློག་ཁང་དང་ཉི་གློག རླུང་ཤུགས་ཀྱི་གློག་ཤུགས་མཁོ་འདོན་བྱེད་ཐུབ་པས་བཟོ་ལས་ཀྱི་མདུན་ལམ་ལེགས། ཡིན་ནའང་༢༠༢༤་ནས་ལ་དྭགས་པ་ཚོས་མངའ་སྡེའི་ཐོབ་ཐང་བརྩད་ནས་ངོ་རྒོལ་ལས་འགུལ་རྒྱུན་ཆད་མེད་པར་སྤེལ། རྒྱ་ནག་གིས་ལ་དྭགས་ནས་ཨ་རུ་ན་ཅལ་བར་དུ་རྒྱ་སྐྱེད་བྱ་དགོས་བསམས་པའི་ཧམ་སེམས་བཅངས་ཡོད་པས་མཐའ་མཚམས་ཀྱི་ས་གནས་ཁག་ལ་ཞི་བདེ་བརྟན་ལྷིང་མེད་ན་རྒྱ་གར་རྒྱལ་ཡོངས་སུ་ཞི་བདེ་བརྟན་ལྷིང་མེད་པར་འགྱུར་ངེས་རེད་ཅེས་དཔྱད་རྩོམ་སྤེལ།།

དཔྱད་རྩོམ་དེར་རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་ལྔ་པའི་ནང་དུ་རང་སྐྱོང་རྫོང་དང་རི་ལྗོངས་རང་སྐྱོང་ལྷན་ཚོགས་ཁག་ལ་དཔལ་འབྱོར་སོགས་འཛིན་སྐྱོང་གི་དབང་ཚད་སྤྲད་ནས་རིམ་བཞིན་དབང་ཚད་ཆེ་རུ་གཏོང་ཆོག་ཅེས་འཁོད་མོད། འོན་ཀྱང་རྩ་ཁྲིམས་དོན་ཚན་ལྔ་པའི་ནང་དུ་རང་སྐྱོང་རྫོང་དང་རི་ལྗོངས་རང་སྐྱོང་ལྷན་ཚོགས་ཁག་ལ་ས་གནས་གྲོས་ཚོགས་བཙུགས་ཏེ་ཁྲིམས་བཟོ་ཆོག་པའི་དབང་ཚད་སྤྲད་མེད་པས་ས་ཆ་སྲུང་སྐྱོབ་བྱེད་དཀའ་བར་གྱུར། རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་དྲུག་པ་ནི་དོན་ཚན་ལྔ་པའི་ནང་དུ་འཁོད་པའི་དབང་ཚད་དེ་དག་གི་སྟེང་དུ་ཁྲིམས་བཟོ་ཆོག་པ་དང་བཅའ་ཁྲིམས་ལག་ལེན་བསྟར་ཆོག་པའི་ཐོབ་ཐང་ཡོད་པ་ཞིག་རེད། དེ་ནི་ས་གནས་དེར་མངའ་སྡེའི་གྲོས་ཚོགས་འཛུགས་ཆོག་པ་དང་མངའ་སྡེའི་གྲོས་ཚོགས་ཀྱིས་བཅའ་ཁྲིམས་གཏན་འབེབས། མངའ་སྡེ་གཞུང་གིས་བཅའ་ཁྲིམས་ལག་ལེན་བསྟར་ཆོག་པའི་དབང་ཚད་ལྡན་པ་ཞིག་རེད་ཅེས་བཀོད།།

ལ་དྭགས་རྒྱལ་ས་སླེ།
ལ་དྭགས་རྒྱལ་ས་སླེ།

རྒྱ་གར་གྱི་རྒྱལ་སྲུང་བསྐྱར་ཞིབ་དུས་དེབ་ཏུ་ཐོན་པའི་རྩོམ་ཡིག་དེར་ལ་དྭགས་པ་ཚོས་ཁོར་ཡུག་སྲུང་སྐྱོབ་དང་མི་རིགས་ཀྱི་ངོ་བོ། ལ་དྭགས་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་ཆེད་དུ་མངའ་སྡེའི་ཐོབ་ཐང་རྩོད་ཀྱི་འདུག རྩ་ཁྲིམས་དོན་ཚན་དྲུག་པ་ནི་རྒྱ་གར་བྱང་ཤར་ཁུལ་གྱི་ཚོ་ཤོག་མངའ་སྡེ་ཁག་ལ་ཆེད་དུ་དམིགས་ནས་གཏན་འབེབས་བྱས་པ་ཞིག་རེད། བྱང་ཤར་ཁུལ་གྱི་ཚོ་ཤོག་མངའ་སྡེ་ཁག་མིན་པའི་རྒྱལ་ཡོངས་ཀྱི་ས་གནས་ཐམས་ཅད་རྩ་ཁྲིམས་དོན་ཚན་ལྔ་པའི་ཁྱབ་ཁོངས་སུ་འདུ་དགོས། ལ་དྭགས་ཀྱི་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ་རྒྱལ་ཡོངས་ཀྱི་ཁེ་ཕན་བསྒྲུབ་དགོས། ལ་དྭགས་ལ་མ་རྩ་མང་ཙམ་བཙུགས་ཏེ་རྨང་གཞིའི་མཐུན་རྐྱེན་ཡར་རྒྱས་དང་ཞིང་ལས་དར་འཕེལ། རང་བྱུང་གི་ནུས་ཤུགས་མཁོ་འདོན་དང་བརྡ་འཕྲིན་འབྲེལ་ལམ་སྲ་བརྟན། བཟོ་ལས་ཡར་རྒྱས་གཏོང་དགོས་ཀྱང་གླེ་དང་མཁར་དཀྱིལ་གྱི་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་འགོ་ཁྲིད་ཚོས་ས་ཆ་བཀོལ་སྤྱོད་བྱ་རྒྱུ་བཀག་སྡོམ་དང་གཏེར་ཁ་སྔོན་འདོན་བྱེད་མི་ཆོག་ཅེས་བཀག་སྟེ་མ་རྩ་འཛུགས་འཇོག་གི་གོ་སྐབས་འགོག་གི་འདུག དབུས་གཞུང་གིས་བསྐོ་བཞག་བྱས་པའི་སྤྱི་ཁྱབ་གཞོན་པའི་འགོ་ཁྲིད་འོག་རྒྱ་གར་གྱི་དམག་དང་ཡུལ་དམག དམངས་སྲིད་ཀྱི་ལས་སྣེ་ཚོས་ལ་དྭགས་ལ་འཛིན་སྐྱོང་བྱས་ན་འཛིན་སྐྱོང་འཐུས་སྒོ་ཚང་བ་ཞིག་བྱེད་ཐུབ་ཅེས་བྲིས།།

རྒྱ་གར་གྱི་རྒྱལ་སྲུང་བསྐྱར་ཞིབ་དུས་དེབ་ནང་དུ་ཐོན་པའི་དཔྱད་རྩོམ་དེར་མུ་མཐུད་དུ་འཁོད་པ་ལྟར་ན། ལ་དྭགས་ལ་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་༦༠༠༠༠་ཡས་མས་ཤིག་ཡོད་ཀྱང་མི་གྲངས་འབུམ་༥་ཡང་མི་ལོང་། ལ་དྭགས་ཀྱི་མི་འབོར་ནི་འདེམས་ཁོངས་ས་གནས་ཆེ་ཁག་ཅིག་གི་མི་འབོར་ལས་ཀྱང་ཉུང་བས་མངའ་སྡེའི་ཐོབ་ཐང་གི་འོས་བབ་མེད། ཁ་བྲལ་རིང་ལུགས་པ་ཚོར་དབང་ཚད་སྤྲད་ན་མཐར་ཐུག་རྒྱལ་ཁབ་ཁ་གཏོར་གཏང་བར་འགྱུར། ལ་དྭགས་ལ་རྩ་ཁྲིམས་དོན་ཚན་དྲུག་པའི་དགོངས་དོན་ལྟར་མངའ་སྡེའི་ཐོབ་ཐང་སྤྲད་པའི་དབང་དུ་བཏང་རུང་འཛུགས་སྐྲུན་གྱི་ཁེ་ཕན་ས་གནས་མང་ཚོགས་ལ་ཐོབ་དཀའ། ལ་དྭགས་ཀྱི་འགོ་ཁྲིད་ཚོས་ས་གནས་དེ་རྒྱལ་ཡོངས་ལ་འདྲེས་སུ་མ་བཅུག་པར་ལོགས་སུ་བཀར། ལ་དྭགས་ཀྱི་ཁ་ཆེ་དང་ནང་པ་གཉིས་ཀྱི་འགལ་ཟླ་ཆེ་རུ་སོང་། ལ་དྭགས་ཀྱི་ནང་པ་ཚོ་བོད་ལ་བློ་ཁ་ཕྱོགས་རྒྱུ་དང་ཁ་ཆེ་ཚོ་ཀསྨིར་ལ་བློ་ཁ་ཕྱོགས་ཏེ་སྤྱི་ཚོགས་དེ་འཆམ་མཐུན་ནམ། ཡང་ན་ཞི་བདེ་བརྟན་ལྷིང་ཞིག་ནམ་ཡང་འབྱུང་ཐབས་མེད་ཅེས་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་སྤྲད་ན་དགེ་མཚན་མེད་པའི་སྒྲུབ་བྱེད་བཀོད་འདུག

གླེང་སྟེགས།

XS
SM
MD
LG