ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༥/༢༠

རྒྱ་ནག་དང་ཨི་རན་སོཊ་ཀྱིས་ཕྱི་ལ་བྲོས་པའི་ལྟ་བ་མི་མཐུན་པ་ཚོ་གསོད་ཐབས།


 ཨི་རན་གྱི་གསར་འགོད་པ་མ་སཱི་འ་ལི་ན་ཇཱ་
ཨི་རན་གྱི་གསར་འགོད་པ་མ་སཱི་འ་ལི་ན་ཇཱ་

༄༅།། རྒྱ་ནག་དང་ཨི་རན་གཞུང་ལ་ངོ་རྒོལ་བྱེད་མཁན་ཚོ་ཨ་མི་རི་ཀར་བཙན་བྱོལ་དུ་བསླེབས་ཀྱང་རྒྱ་ནག་དང་ཨི་རན་གཞུང་གིས་མི་གླས་ནས་ལྐོག་གསོད་བྱེད་དུ་འཇུག་པའམ། ཡང་ན་དེ་དག་གི་ཉེས་སྐྱོན་སྔོག་ཐབས་སུ་འབད། ཕྱི་ཟླ་༥་པའི་ཚེས་༦་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་དབུས་ཞིབ་གཅོད་ལས་ཁུངས་ཀྱིས་རྒྱ་ནག་དང་ཨི་རན་གྱི་ཉེན་ཁ་འགོག་རྒྱུ་གཙིས་སུ་བཟུང་། དཔེར་ན་༡༩༨༩་ལོའི་རྒྱ་ནག་གི་གནམ་བདེ་སྒོ་མོ་ཆེའི་ཐང་དུ་སློབ་ཕྲུག་གིས་སྣེ་ཁྲིད་པའི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སྲིད་དོན་གྱི་ལྟ་བ་མི་མཐུན་པ་ཝུ་ཅན་མིན་༢༠༢༢་ལོར་ནེའུ་ཡོཀ་མངའ་སྡེ་ནས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མིར་ལངས། རྒྱ་ནག་གི་གསང་ཉུལ་ཚོས་འཕྲལ་དུ་མི་ཞིག་གླས་ནས་ཝུ་ཅན་མིན་གྱིས་ཨ་རིའི་གཞུང་ལ་དཔྱ་ཁྲལ་མ་འཇལ་བའི་ཁྲིམས་འགལ་བྱས་ཡོད་མེད། ཁོ་པས་ཟུར་མོ་བསྟེན་གྱི་ཡོད་མེད་སོགས་རྩད་གཅོད་བྱེད་དུ་བཅུག མཐར་རྒྱ་གཞུང་གི་གསང་ཉུལ་དེས་དྲག་སྤྱོད་ཀྱང་ལག་ལེན་བསྟར་ཆོག་ཅེས་གླས་མི་དེར་བཀའ་ཕབ།།

༡༩༨༩་ལོའི་རྒྱ་ནག་གི་གནམ་བདེ་སྒོ་མོ་ཆེའི་ཐང་དུ་སློབ་ཕྲུག་གིས་སྣེ་ཁྲིད་པའི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སྲིད་དོན་གྱི་ལྟ་བ་མི་མཐུན་པ་ཝུ་ཅན་མིན་
༡༩༨༩་ལོའི་རྒྱ་ནག་གི་གནམ་བདེ་སྒོ་མོ་ཆེའི་ཐང་དུ་སློབ་ཕྲུག་གིས་སྣེ་ཁྲིད་པའི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སྲིད་དོན་གྱི་ལྟ་བ་མི་མཐུན་པ་ཝུ་ཅན་མིན་

ཨ་རིར་བཙན་བྱོལ་དུ་ལྷགས་པའི་ཨི་རན་གྱི་གསར་འགོད་པ་དང་ཨི་རན་གཞུང་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོར་སྐྱོན་བརྗོད་བྱེད་མཁན་ཞིག་ཨི་རན་གཞུང་གིས་དམིགས་འབེན་དུ་བཟུང་། ཨི་རན་གྱི་གསང་ཉུལ་ཚོས་ཨ་རིའི་ནང་གི་ཤར་ཡུ་རོབ་པའི་ཁྲིམས་འགལ་སྒྲིག་འཛུགས་ཤིག་ལ་འབྲེལ་བྱས་ནས་ཨི་རན་བ་གསར་འགོད་པ་དེ་ནེའུ་ཡོཀ་གྲོང་ཁྱེར་གྱི་བྷུ་རུཀ་ལིན་ས་གནས་ཀྱི་རང་ཁྱིམ་དུ་སོད་ཅིག་ཅེས་མངགས། རྒྱ་ནག་དང་ཨི་རན་ལྟ་བུས་ཨ་རིར་གནས་འཁོད་རྒྱ་ནག་པ་དང་ཨི་རན་གྱི་སྲིད་དོན་ལྟ་བ་མི་མཐུན་པ། ད་དུང་རྒྱ་ནག་དང་ཨི་རན་གྱི་ལས་འགུལ་བ་ཚོར་འཇིགས་སྐུལ་དང་སུན་གཙེར། སྐབས་འགར་སྲིད་དོན་གྱི་ལྟ་བ་མི་མཐུན་པ་དེ་རྣམས་ལྐོག་གསོད་བྱེད་དུ་བཅུག་སྟེ་ཚད་ལས་བརྒལ་བའི་ངན་ཇུས་བཤམས། རྒྱ་ནག་དང་ཨི་རན་སོགས་ཀྱིས་ལྟ་བ་མི་མཐུན་པ་ཚོར་བཟོད་སྒོམ་གཏན་ནས་བྱེད་ཀྱི་མེད་པས་འཛམ་གླིང་གི་ས་ཁམས་ཆབ་སྲིད་ལ་དོ་ཕོག་ཚབས་ཆེན་འཕོག་ས་རེད་ཅེས་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་གནས་ཚུལ་སྤེལ་འདུག

ཨི་རན་གྱི་གསར་འགོད་པ་མ་སཱི་འ་ལི་ན་ཇཱ་ཞེས་པ་ཞིག་གིས་ང་ཚོ་སྐྲག་ནས་བསྡད་མེད། རྣམ་རྟོག་དགྲ་རུ་ལངས་ནས་བསྡད་མེད། ཡིན་ནའང་དོན་དངོས་ནི་ཧ་ཅང་གི་གསལ་པོ་རེད། ཁ་ཆེའི་སྤྱི་མཐུན་རྒྱལ་ཁབ་དེས་ང་ཚོ་ཤི་ཆོག་ཨང་བསམས་ཡོད་པ་རེད། ང་ཚོ་ཉིན་ལྟར་དོགས་ཟོན་གྱི་ངང་དུ་འཚོ་གནས་བྱ་དགོས་ཀྱི་འདུག་ཅེས་གསར་འགོད་པའི་བཅར་འདྲི་ཞིག་གི་སྐབས་སུ་ལན་བཏབ། དེ་བཞིན་༢༠༢༠་ལོར་ཝུ་ཅན་མཱིན་ཨ་མི་རི་ཀའི་ཁེ་ལི་ཧྥོར་ཎི་ཡ་མངའ་སྡེའི་ཨར་ཝིན་ས་གནས་སུ་བསྡད་པའི་སྐབས་སུ་མི་འགའ་ཞིག་གིས་ཟླ་བ་༢་ལྷག་ལ་སུན་གཙེར་དང་ཁྱིམ་མཚེས་ཚོའི་ཡིག་སྒམ་ནང་དུ་འགྲེམ་ཡིག་སྣ་ཚོགས་བཀྲམ། ཝུ་ཅན་མིན་གྱི་ཁང་པའི་ཕྱི་ལོགས་སུ་ཁྲོམ་སྐོར་བྱས་ནས་རྒྱ་ནག་ལ་སོང་ཞིག་ཅེས་སྐད་བརྒྱབ། ཁོ་པས་མི་དེ་ཚོ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཟུར་པ་དང་དེ་དག་བུ་ཕྲུག་ཚོ་ཡིན་ས་རེད། ཁོ་ཚོས་རྒྱ་ནག་གཞུང་གི་བཀོད་འདོམས་ལྟར་ཨ་རིར་འབྱོར་བའི་སྲིད་དོན་གྱི་ལྟ་བ་མི་མཐུན་པ་ཚོར་སུན་གཙེར་བྱ་རྒྱུའི་འགན་བླངས། རྒྱ་གཞུང་གི་དམིགས་ཡུལ་ནི་ཕྱི་ལོགས་སུ་བྲོས་པའི་སྲིད་དོན་གྱི་ལྟ་བ་མི་མཐུན་པ་ཚོ་ཁ་འགོག་ཐབས་རེད་ཅེས་བསྟན།།

རྒྱ་ནག་དང་ཨི་རན་སོགས་ཀྱིས་ཨ་རིའི་ས་ཐོག་ཏུ་གནས་འཁོད་སྲིད་དོན་གྱི་ལྟ་བ་མི་མཐུན་པ་ཚོར་འཇིགས་སྐུལ་དང་སུན་གཙེར་བྱས་པར་ཁྲིམས་འཛིན་ལྷན་ཁང་གིས་དོ་སྣང་བྱས་ཏེ་འདས་པའི་ལོ་ལྔའི་རིང་ཨ་རིའི་གཞུང་གིས་མི་བཅུ་གྲངས་ཤིག་ཁྲིམས་ལ་སྦྱར། ཨ་རིའི་དབུས་ཞིབ་གཅོད་ལས་ཁུངས་ཀྱི་མཐོ་རིམ་འགོ་ཁྲིད་ཚོས་མཉམ་འབྲེལ་གསར་ཁང་གི་གསར་འགོད་པར་རྒྱ་ནག་དང་ཨི་རན་སོགས་ཀྱིས་མི་སྒེར་པ་གླས་པ་དང་ཁྲིམས་འགལ་གྱི་སྒྲིག་འཛུགས་ཁག་གི་འགོ་ཁྲིད་ཚོར་འབྲེལ་བ་བཙུགས། རྒྱ་ནག་དང་ཨི་རན་ལ་སྐྱོན་བརྗོད་བྱེད་མཁན་རྣམས་ཁ་འགོག་པར་རྒྱལ་ཁབ་དེ་དག་གིས་རྒྱལ་སྤྱིའི་ཁྲིམས་ལ་རྒྱབ་འགལ་བྱ་རྒྱུ་ཤུགས་ཇེ་ཆེ་རེད། ཕྱིའི་ཁ་གཏད་རྒྱལ་ཁབ་ཁག་གི་གསང་བའི་ལས་ཁུངས་དེ་ཚོས་འཇིགས་སྐུལ་དང་སུན་གཙེར་གྱི་ལས་འགུལ་ཁག་ལ་འགྲོ་གྲོན་གཏོང་རྒྱུ་མང་དུ་བཏང་སྟེ་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་གནས་འཁོད་སྲིད་དོན་གྱི་ལྟ་བ་མི་མཐུན་པ་ཚོར་གནོན་སྡོམ་བྱེད་ཀྱི་འདུག་ཅེས་བཀྲལ།།

ར་ཝན་ཌའི་གཞུང་གིས་ཨ་རིའི་ཊེཀ་སེ་སི་མངའ་སྡེ་ནས་ར་ཝན་ཌ་མགྲོན་ཁང་གི་ལས་སྣེ་ཕོལ་རུ་སེ་ས་བྷ་གྷི་ན་
ར་ཝན་ཌའི་གཞུང་གིས་ཨ་རིའི་ཊེཀ་སེ་སི་མངའ་སྡེ་ནས་ར་ཝན་ཌ་མགྲོན་ཁང་གི་ལས་སྣེ་ཕོལ་རུ་སེ་ས་བྷ་གྷི་ན་

ན་ནིང་ཕྱི་ཟླ་༡༡་པའི་ནང་དུ་ནེའུ་ཡོཀ་མངའ་སྡེར་གནས་འཁོད་རྒྱ་གར་གྱི་སིག་རྒྱ་བོ་ཞིག་ལྐོག་གསོད་བྱ་རྒྱུའི་ལྐོག་ཇུས་བཤམས་པ་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་ཤེས་རྟོགས་བྱུང་ནས་བཀག ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་རྒྱ་གར་གྱི་གསང་བའི་ལས་ཁུངས་ནས་སིག་རྒྱ་བོ་དེ་གསོད་དགོས་པའི་མངགས་བཀོད་བྱས་འདུག་ཟེར། ར་ཝན་ཌའི་གཞུང་གིས་ཨ་རིའི་ཊེཀ་སེ་སི་མངའ་སྡེ་ནས་ར་ཝན་ཌ་མགྲོན་ཁང་གི་ལས་སྣེ་ཕོལ་རུ་སེ་ས་བྷ་གྷི་ན་ཟེར་བ་ཞིག་རང་ཡུལ་དུ་བཙན་ཁྲིད་བྱས་པར་མ་ཟད། སོ་ཌེ་ཨ་རེ་བྷི་ཡའི་གཞུང་གིས་རྒྱལ་ཁབ་དེར་སྐྱོན་བརྗོད་བྱེད་མཁན་ཚོར་དྲྭ་ལམ་དུ་འཇིགས་སྐུལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཨ་རིའི་ཁྲིམས་འཛིན་ལྷན་ཁང་གི་སྤྱི་ཁྱབ་གཞོན་པའི་ལས་རོགས་མེ་ཐུ་ཨོལ་སན་གྱིས་ང་ཚོས་གནས་ཚུལ་འདི་གནད་འགག་ཆེན་པོར་རྩི་བཞིན་ཡོད། སྲིད་གཞུང་ཁག་གི་བཀོད་འདོམས་ལྟར་མི་ལ་སུན་གཙེར་བྱ་རྒྱུ་ཇེ་མང་དུ་འགྲོ་བཞིན་འདུག་ཅེས་གསར་འགོད་པ་ཚོར་གླེང་མོལ་བྱས་འདུག

ཨ་རིའི་ཁྲིམས་འཛིན་ལྷན་ཁང་གི་སྤྱི་ཁྱབ་གཞོན་པའི་ལས་རོགས་མེ་ཐུ་ཨོལ་སན་
ཨ་རིའི་ཁྲིམས་འཛིན་ལྷན་ཁང་གི་སྤྱི་ཁྱབ་གཞོན་པའི་ལས་རོགས་མེ་ཐུ་ཨོལ་སན་

ཁ་སྔོན་ཕྱི་ཟླ་༤་པའི་ནང་དུ་རྒྱལ་སྤྱིའི་ས་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱི་སྙན་ཐོ་བཏོན་པ་དེར་འཁོད་པ་ལྟར་ན། དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནི་ཨི་རན་གྱི་སྲིད་དོན་ལྟ་བ་མི་མཐུན་པ་ཚོར་རྒོལ་རྡུང་ཡུལ་ཕོག་ཡུལ་གཙོ་བོ་ཞིག་ཏུ་གྱུར། ཏ་ཟིག་སྐད་ཀྱི་བརྙན་འཕྲིན་རྒྱག་སྒྲོགས་པ་ཞིག་ལ་ཁང་པའི་ཕྱི་ལོགས་སུ་རྒོལ་རྡུང་ཕོག་པར་དབྱིན་ཇིའི་འཇིགས་སྐུལ་འཐབ་རྒོལ་ཉེན་རྟོག་པས་རྩད་གཅོད་བྱེད་འགོ་ཚུགས། དབྱིན་ཡུལ་དང་འཇར་མན་ཎི་སོགས་ཡུ་རོབ་རྒྱལ་ཁབ་ཁག་ཏུ་ཡོད་པའི་ཨུ་རུ་སུའི་སྲིད་དོན་ལྟ་བ་མི་མཐུན་པ་ཚོར་དུག་ཕོག ཁོ་ཚོར་ཨུ་རུ་སུའི་གསང་ཉུལ་ཚོས་དུག་བླུད་པའི་དོགས་པ་བྱེད་ཀྱི་ཡོད་ཀྱང་ཨུ་རུ་སུའི་གཞུང་གིས་སྐྱོན་འཛུགས་དེར་ངོས་ལེན་བྱེད་ཀྱི་མེད་པས་བྱ་ཐབས་ཟད། ཨ་རི་དང་ཨི་རན། ཨ་རི་དང་རྒྱ་ནག་གི་འབྲེལ་བ་ཅི་ཙམ་སྡུག་ཏུ་ཕྱིན་ན་ཨི་རན་དང་རྒྱ་ནག་གི་གསང་བའི་ལས་ཁུངས་ཁག་གིས་ཨ་རིའི་ས་ཐོག་ཏུ་ཡོད་པའི་སྲིད་དོན་གྱི་ལྟ་བ་མི་མཐུན་པ་ཚོར་འཇིགས་སྐུལ་དང་སུན་གཙེར་བྱ་རྒྱུ་ཤུགས་ཆེ་རུ་སོང་།།

དེང་སྐབས་ཨ་རིའི་ནེའུ་ཛར་སི་མངའ་སྡེར་གནས་འཁོད་རྒྱ་ནག་གི་གྲོང་ཁྱེར་ཞིག་གི་འགོ་ཁྲིད་ཟུར་པ་ཞིག་གིས་ངའི་སྒོ་ལྕགས་ཐོག་ཏུ་ཡིག་ཆུང་ཞིག་སྦྱར་འདུག ཡིག་ཆུང་དེའི་ནང་དུ་ཁྱོད་རྒྱ་ནག་ལ་ཕྱིར་ལོག་བྱས་ནས་ལོ་བཅུར་བཙོན་དུ་བསྡད་ཚེ། ཁྱོད་ཀྱི་ཆུང་མ་དང་ཕྲུ་གུ་ཚོར་ཉེན་ཁ་མེད་ཅེས་བྲིས་འདུག འདི་ནི་གྲོས་སྡུར་བྱ་རྒྱུ་ཡོད་པ་ཞིག་མ་རེད་ཅེས་བཤད། བྷོབ་ཧྥུ་ཟེར་བའི་རྒྱ་ནག་གི་ཡེ་ཤུའི་ཆོས་པ་ཞིག་གིས་ང་ཨ་རིར་བསླེབས་ནས་ལོ་༢༥་ཕྱིན་ཡོད་པ་དང་སྒྲིག་འཛུགས་ལྡན་པའི་མི་ཁག་ཅིག་གིས་ང་ལ་སུན་གཙེར་བྱས་ནས་སྡོད་དུ་འཇུག་གི་མི་འདུག ང་ལ་བདེ་འཇགས་མེད་པ་དང་འབར་མདེལ་རྫུན་མ་བསྐུར་ནས་འཇིགས་སྣང་བསྐུལ། ངའི་མིང་ཐོག་ཏུ་མགྲོན་ཁང་གླས་ནས་སུན་པོ་བཟོ་ཡི་འདུག ང་རྒྱ་ནག་ལ་ཕྱིན་ཆོག་ཀྱང་ཕྱིར་ཡོང་མེད་པ་ཀུན་གྱིས་གསལ་པོ་རེད་ཅེས་སྨྲས།།

༢༠༢༣་ལོའི་ཕྱི་ཟླ་༦་པའི་ཚེས་༢༣་ཉིན་ནེའུ་ཡོཀ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨ་རི་བ་མེ་ཁལ་མེཀ་ཀི་ཝར་ཟེར་བའི་སྒེར་པ་རྩད་གཅོད་ཞིག་ལ་དྲྭ་ལམ་དུ་འཕྲིན་ཡིག་ཅིག་འབྱོར། འཕྲིན་ཡིག་དེར་དྷུ་བྷེ་ནས་མི་ཞིག་གིས་བུ་ལོན་མ་འཇལ་བར་ཨ་རིར་བྲོས་འདུག མི་དེ་ནེའུ་ཡོཀ་གྲོང་ཁྱེར་གྱི་བྷུ་རུཀ་ལིན་ས་གནས་སུ་བསྡད་འདུག མི་དེའི་ཁང་པར་ལྐོག་ལྟ་བྱས་ནས་སུ་སུ་འགྲོ་འོང་བྱེད་ཀྱི་ཡོད་པ་རྣམས་འདྲ་པར་རྒྱོབས་ཞེས་གདམས། མེཀ་ཀི་ཝར་དང་ལས་རོགས་ཤིག་གིས་རེས་མོས་སུ་ཁང་པ་དེར་ལྐོག་ཏུ་བལྟས། ཨ་རིའི་དབུས་ཞིབ་གཅོད་ལས་ཁུངས་ཀྱི་གསང་ཉུལ་ཚོས་སྒེར་པ་རྩད་གཅོད་པ་དེ་དག་ལ་ལྐོག་ལྟ་བྱས་ནས་བསྡད། ཨ་རིའི་གཞུང་འབྲེལ་མི་སྣ་ཚོས་མེཀ་ཀི་ཝར་ལ་ཁྱོད་ཀྱིས་སྲི་ཞུ་བསྒྲུབ་ཡུལ་དེ་ཡག་ག་ཞིག་མ་རེད་ཅེས་གསང་བ་བརྟོལ། ཕྱིས་སུ་མེཀ་ཀི་ཝར་གྱིས་ང་ནི་ཨི་རན་གྱི་གསང་ཉུལ་ཚོས་གླས་འདུག ཁོ་ཚོས་ཨི་རན་བ་གསར་འགོད་པ་དེ་ལྐོག་གསོད་བྱ་རྒྱུའི་ངན་ཇུས་བཤམས་པ་འདྲ་ཞེས་གསར་འགོད་པར་བཤད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG