ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༡༦

ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་བལ་པོ་༡༦་ལ་སྲོག་སྐྱོན་ཕོག


རུ་སུ་དམག་དཔུང་གི་དམག་མི་བསྡུ་རུབ་བྱེད་སའི་ལྟེ་གནས་ཤིག
རུ་སུ་དམག་དཔུང་གི་དམག་མི་བསྡུ་རུབ་བྱེད་སའི་ལྟེ་གནས་ཤིག

༄༅།། བལ་ཡུལ་གཞུང་གིས་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་བལ་པོ་༡༦་ལ་སྲོག་སྐྱོན་ཕོག་འདུག ད་ལྟའི་བར་དུ་ཡུཀ་རེན་གྱི་དམག་ས་ཁག་ཏུ་བལ་པོ་༣༣་བསད་པ་ཤེས་རྟོགས་བྱུང་སོང་ཞེས་གསལ་བསྒྲགས་སྤེལ། ཕྱི་ཟླ་༣་པའི་ཚེས་༡༩་ཉིན་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། བལ་ཡུལ་གྱི་ཕྱི་སྲིད་ལྷན་ཁང་ནས་འདས་པོ་དེ་དག་གི་བཟའ་མི་ཚོའི་རྒྱུད་རྫས་(DNA)་ཀྱི་དཔེ་མཚོན་བླངས། རྒྱུད་རྫས་དེ་རྣམས་ཨུ་རུ་སུར་ཁྱེར་ནས་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་པའི་བལ་པོ་དེ་དག་སུ་སུ་ཡིན་མིན་ངོ་ཐག་གཅོད་ཀྱི་ཡོད་ཅིང་། བལ་པོའི་ཁྱིམ་ཚང་༢༠༠་ལྷག་གིས་ཕྱི་འབྲེལ་དོན་གཅོད་ལྷན་ཁང་ལ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ཡོད་པའི་བལ་པོ་རྣམས་རང་ཡུལ་དུ་ལེན་ཐབས་བྱ་དགོས་ཞེས་ནན་གྱིས་སྐུལ། བལ་ཡུལ་གཞུང་གིས་སྔ་རྗེས་སུ་རང་གི་སྤྱི་དམངས་རྣམས་གྲོས་མཐུན་བཞག་མེད་པའི་རྒྱལ་ཁབ་ཁག་གི་དམག་ཁོངས་སུ་ཞུགས་མི་ཆོག་ཅེས་གསལ་བསྒྲགས་ཐེངས་གཉིས་སྤེལ། དེ་བཞིན་ཨུ་རུ་སུའི་ཆེད་དུ་བལ་པོ་དམག་ཁོངས་སུ་བསྡུ་མཁན་བར་པ་༢༢་འཛིན་བཟུང་བྱས་འདུག

བལ་ཡུལ་གཞུང་གིས་རང་གི་སྤྱི་དམངས་ཅི་ཙམ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ཡོད་མེད་གྲངས་ཀ་གསལ་པོ་ཞིག་ཤེས་ཀྱི་མེད་པ་སྟེ། བལ་ཡུལ་གྱི་ཕྱི་སྲིད་ལྷན་ཁང་དང་མོ་སི་ཀོར་བཅའ་སྡོད་བལ་པོའི་གཞུང་ཚབ་ཁང་གིས་ཨུ་རུ་སུའི་དམག་ཁོངས་སུ་བལ་པོ་༢༠༠་ལྷག་ཡོད་ས་རེད་ཅེས་གཞི་གྲངས་ཤིག་བཏོན། ཡུཀ་རེན་གྱི་དམག་ས་ཁག་ནས་ཕྱིར་ལོག་བྱས་པའི་བལ་པོ་ཚོ་དང་ཨུ་རུ་སུའི་དམག་དཔོན་ཚོ། སི་ཨེན་ཨེན་གསར་འགྱུར་ལས་ཁུངས་སོགས་ཀྱིས་བལ་པོ་༡༥༠༠༠་ཡས་མས་ཤིག་ཨུ་རུ་སུའི་དམག་ཁོངས་སུ་འདུག བལ་པོ་བརྒྱ་ཕྲག་འགའ་ཞིག་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་རྨས་བྱུང་འདུག་ཟེར། བལ་ཡུལ་གྱི་སྲིད་དོན་པ་ཀ་རི་ཏུ་བྷན་ཌ་རི་ཞེས་པ་ཞིག་གིས་ཨུ་རུ་སུའི་དམག་ཁོངས་སུ་བལ་པོ་༦༢༠་ལྷག་འདུག མི་༡༡༦་ལ་སྲོག་སྐྱོན་དང་༢༧༤་ལ་རྨས་སྐྱོན་ཕོག བལ་པོ་༦༢༠་ཐམ་པ་འཆི་གསོན་ཅི་ཡིན་རྩད་གཅོད་ཐུབ་ཀྱི་མི་འདུག་ཅེས་གནས་ཚུལ་སྤེལ།།

ཕྱི་ཟླ་༣་པའི་ཚེས་༡༩་ཉིན་དབྱིན་ཇིའི་གནམ་འཕྲིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་ན་༣༥་ལ་སོན་པའི་གྷ་ནེ་ཤཱི་ཟེར་བ་ཞིག་གིས་ཨུ་རུ་སུའི་དམག་ཁོངས་སུ་ཡོད་པའི་བལ་པོ་ཚོ་ཁྱི་ལྟར་རྩི་ཡི་འདུག ང་ཚོ་ཡུཀ་རེན་གྱི་དམག་སར་བཏང་སྟེ་སྒྱོགས་མདེལ་ལྟར་བཀོལ་བྱས་པ་བྱུང་། ང་ཚོར་དམག་ས་ཁག་ཏུ་བཟའ་བཏུང་གྲོད་ཁོག་འགྲངས་པ་པ་ཞིག་མ་སྤྲོད་པ་དང་བལ་པོ་ཚོར་ཨུ་རུ་སུའི་དམག་གིས་རྡུང་རྡེག་གཏོང་རྒྱུ་རྒྱུན་ལྡན་ཞིག་རེད། ཡུཀ་རེན་གྱི་དམག་འཁྲུག་ནི་སྐྱི་གཡའ་བ་ཞིག་ཡིན་ཞིང་། དེ་ནི་མི་དང་མི། མདེའུ་དང་མདེའུ་གཏུགས་པའི་འཐབ་འཁྲུག་ཅིག་མ་རེད། ང་ཚོར་ཡུཀ་རེན་གྱི་ཁ་ལོ་བ་མེད་པའི་འཕུར་གྲུས་རྒོལ་རྡུང་བྱས་ནས་མགོ་བོ་འབུར་འཇོམས་བྱེད་ཀྱི་འདུག ང་ཚོར་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོའི་ཕྱི་ལོགས་སུ་ཡོད་པའི་ཨ་ཝན་གྷར་ཌི་དམག་སྦྱོང་ལྟེ་གནས་སུ་བདུན་ཕྲག་གཉིས་ལ་དམག་སྦྱོང་ཞིག་སྤྲད་བྱུང་ཞེས་གསར་འགོད་པར་གླེང་སློང་བྱས་འདུག

བལ་པོ་གྷ་ནེ་ཤཱི་རང་ཡུལ་དུ་ཐར་ཡང་དམག་འཁྲུག་གི་འཇིགས་སྣང་མྱོང་རྒྱུ་མཚམས་མི་ཆད། ཁོ་པས་གསར་འགོད་པར་ཨུ་རུ་སུའི་གཞུང་གིས་གླས་དམག་རྣམས་དམག་སར་བཏང་སྟེ་རྒྱབ་སྐྱོར་དེ་ཙམ་བྱེད་ཀྱི་མི་འདུག ང་ཚོར་བདུན་ཕྲག་གཉིས་ཀྱི་དམག་སྦྱོང་སྤྲད་པའི་རིང་དེར་འཚོ་བ་སྐྱིད་པོ་བྱུང་ཡང་ཡུཀ་རེན་གྱི་དམག་སར་བསླེབས་པ་ན་གླས་དམག་རྣམས་མདུན་དུ་བསྐྱོད་དགོས་པ་དང་ཨུ་རུ་སུའི་དམག་མི་རྣམས་གཞུག་ཏུ་བསྡད། བལ་པོ་དང་རྒྱ་གར་བ་ཚོས་ཨུ་རུ་སུའི་དམག་མི་ཉེས་ཅན་དེ་ཚོའི་བཀའ་ལ་ཉན་དགོས་པ་དང་ངའི་མིག་གི་མཐོང་སར་བལ་པོ་༣་ལ་སྲོག་སྐྱོན་ཕོག་སོང་། བལ་པོ་ཧ་ཅང་མང་པོ་ཞིག་བསད་རྨས་བྱུང་ཡོད་པའི་སྐད་ཆ་གོ་མྱོང་ཡོད་ཅེས་བསྟན། གྷ་ནེ་ཤཱི་རྒྱ་གར་གྱི་དམག་ཁོངས་སུ་ལོ་༡༠་ལ་བསྡད། ཁོ་པར་བལ་ཡུལ་དུ་ལས་ཀ་མ་རག་པར་ཡུ་རོབ་རྒྱལ་ཁབ་ལག་སིམ་བྷག་ཏུ་བསྐྱོད་ཐབས་བྱས་ཀྱང་མི་ཞིག་གིས་ཨུ་རུ་སུར་ཕྱིན་ན་གོ་སྐབས་མང་པོ་འདུག་ཅེས་བློ་ཁ་བསྒྱུར། གྷ་ནེ་ཤཱིས་བལ་སྒོར་ས་ཡ་༡་བུ་ལོན་བསྐྱིས་ནས་མི་དེར་སྤྲད་པ་དང་ཨུ་རུ་སུར་བསྐྱོད་རྒྱུའི་ཐོངས་མཆན་བླངས།།

ཡུཀ་རེན་གྱི་དམག་མི།
ཡུཀ་རེན་གྱི་དམག་མི།

ཁོ་པ་མོ་སི་ཀོར་བསླེབས་པའི་རྗེས་སུ་མི་གཞན་པ་ཞིག་ལ་དབྱིན་སྒོར་༨༠༠་སྤྲད་ནས་ཨུ་རུ་སུའི་དམག་སྦྱོང་ལྟེ་གནས་ཁང་དེར་སྐྱེལ་དུ་བཅུག བལ་པོ་ཚོར་རང་ཡུལ་དུ་ལས་ཀ་རག་པའི་དབང་དུ་བཏང་རུང་ཟླ་བ་རེར་དབྱིན་སྒོར་༡༥༠་ཐམ་པའི་གླ་ཕོགས་ལས་མེད། དེས་ན་བལ་པོ་སྟོང་ཕྲག་མང་པོ་འཚོ་བའི་དཀའ་ངལ་སོགས་ཀྱིས་ཨུ་རུ་སུའི་དམག་ཁོངས་སུ་མ་ཞུགས་ཐབས་མེད་དུ་གྱུར། གྷ་ནེ་ཤཱིས་བལ་པོ་མང་པོ་ཞིག་གིས་ཊིག་ཊོག་དང་ངོ་དེབ་སོགས་ཀྱི་ནང་དུ་ཐོན་པའི་བརྙན་ཐུང་ཁག་ལ་ཁག་བལྟས་ནས་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ཀྱི་ཡོད་པ་རེད། ངས་མི་ཚོར་བརྙན་ཐུང་ནང་དུ་དམག་ཆས་གྱོན་ནས་མེ་མདའ་བཟུང་ཡོད་པ་རྫིག་པོ་ཞིག་མཐོང་སྲིད། དོན་དངོས་སུ་དེ་འདྲ་ཞིག་གཏན་ནས་མིན་པ་དང་ཨུ་རུ་སུའི་དམག་ཁོངས་སུ་ནམ་ཡང་ཞུགས་མི་ཉན་ཞེས་ལམ་སྟོན་བྱེད་ཀྱི་ཡོད། ང་དང་བལ་པོ་ཁག་ཅིག་འབྲོས་ཐབས་ཐེངས་༦་བྱས་ཀྱང་བཟུང་སྟེ་རྡུང་རྡེག་དྲག་པོ་བཏང་བྱུང་། བལ་པོ་ཚོར་མགོ་སྐོར་གཏོང་མཁན་མང་ཆེ་བ་ནི་བལ་པོ་རེད་ཅེས་བཀྲལ།།

ཕྱི་ཟླ་༣་པའི་ཚེས་༡༦་ཉིན་ཨོ་གླིང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུར་དམག་མི་འདང་ངེས་མེད་པར་ཊིག་ཊོག་སོགས་སྤྱི་ཚོགས་དྲྭ་ལམ་ཁག་བརྒྱུད་ནས་བལ་པོ་རྣམས་དམག་ཁོངས་སུ་བསྡུས། ཀིར་ཤི་ན་བྷ་དྷུར་ཤཱ་ཡེ་ནི་མགོ་སྐོར་འོག་ཏུ་ཚུད་ནས་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པ་ཞིག་ཡིན་ཞིང་། ན་ནིང་ཕྱི་ཟླ་༡༢་པའི་དགུན་གྱི་གྲང་ངར་ཁྲོད་དུ་བལ་པོ་ཁག་ཅིག་གིས་ཤིང་འཐུས་ནས་ཨུ་རུ་སུའི་དམག་མིར་ཡིབ་ཁང་བརྩིགས། ཁོ་ཚོར་ནགས་ཁྲོད་དུ་མེ་མདའ་ཇི་ལྟར་འཕེན་དགོས་མིན་སྦྱོང་བརྡར་སྤྲད། སྐར་མ་ཁ་ཤས་ཀྱི་རྗེས་སུ་ཡུཀ་རེན་གྱི་ཁ་ལོ་བ་མེད་པའི་འཕུར་གྲུས་རྒོལ་རྡུང་བྱས་པ་དང་ཀི་རི་ཤཱི་ནས་མེ་མདའ་འཕངས། ཁོ་པའི་མདེའུ་རྣམས་འཕངས་ཚར་བའི་སྐབས་དེར་མདེའུ་༤་ཕོག་ནས་རྨས། ཁོ་པ་ཨུ་རུ་སུའི་འཐབ་གྲོགས་ཚོས་སྐྱོབ་རྒྱུ་རེད་བསམས་ཀྱང་མ་བསྐྱབས་པར་གཅིག་པུ་སྤྱི་ལེ་༤་ལ་གོག་ནས་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་དུ་སོང་། ཁོ་པར་སྲོག་སྐྱོན་མ་ཕོག་ཀྱང་བལ་པོ་༣་བསད་པ་མིག་གིས་མཐོང་།།

བལ་པོ་ཚོར་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ན་ཟླ་བ་རེར་ཨ་སྒོར་༢༠༠༠་ནས་༣༠༠༠་ཡས་མས་རེའི་གླ་ཕོགས་ཡོད། ཨུ་རུ་སུའི་སྤྱི་དམངས་སུ་མྱུར་དུ་འགྱུར་ཐུབ་ཅེས་མགོ་སྐོར་བཏང་ནས་ཁྲིད་ཀྱི་ཡོད་པར་མ་ཟད། ཀིར་ཤཱི་ན་ལ་མཚོན་ན་མི་ཞིག་གིས་ཡུ་རོབ་ཏུ་ལས་ཀ་ཡོད་ཅེས་ཨུ་རུ་སུར་ཁྲིད། མོ་སི་ཀོར་བསླེབས་པ་དང་དགུན་གྱི་ཁ་བའི་ནང་དུ་ཡུ་རོབ་ཏུ་ལས་ཀ་མི་འདུག་ཅེས་ཟླ་བ་༣་ལ་བཞག མཐར་བལ་པོ་ཀིར་ཤཱི་ན་འུ་ཐུག་སྟེ་མི་དེའི་ཁ་ལ་མཉན་ནས་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་རྒྱུའི་གན་རྒྱར་མིང་རྟགས་བཀོད། ཁོ་པས་ང་ཚོ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པ་ནོར་འཁྲུལ་ཡིན་པ་ཤེས་བྱུང་། ང་ཚོ་ཨུ་རུ་སུར་ཁྲིད་སྟངས་དེ་གཡོ་ཐབས་ཁོ་ན་རེད་ཅེས་སྐྱོན་བཙུགས། བལ་པོ་ར་ཇ་ཀུ་མར་གྱིས་བཟའ་ཟླ་བ་ཕྲུག་གི་དོན་དུ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་རྒྱུའི་གན་རྒྱ་བཞག ཁོ་པ་ཡུཀ་རེན་གྱི་དམག་སར་བསད་དེ་ཕུང་པོ་རང་ཡུལ་དུ་ལེན་ཐུབ་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

བལ་ཡུལ་གྱི་ན་གཞོན་ལས་མེད་པའི་གྲངས་འབོར་བརྒྱ་ཆ་༢༠་ཟིན་པ་དང་ཉིན་ལྟར་ན་གཞོན་༡༥༠༠་རེ་ལས་ཀ་འཚོལ་དུ་བསླེབས། བལ་ཡུལ་གཞུང་གིས་དམག་མི་འདས་པོ་དེ་དག་གི་བཟའ་མི་ཚོར་ཨུ་རུ་སུའི་གཞུང་གིས་དངུལ་སྒོར་གྱོང་གསབ་སྤྲོད་དགོས་ཞེས་དགོས་འདུན་བཏོན་མོད། འོན་ཀྱང་ཨུ་རུ་སུའི་གཞུང་གིས་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་པའི་བལ་པོ་དེ་དག་གི་བཟའ་མི་ཚོར་དངུལ་སྒོར་གྱོང་གསབ་མ་སྤྲད། བལ་པོ་མང་ཆེ་བ་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་ཀྱི་རྒྱལ་ས་དྷུ་བྷེ་དང་མ་ལེ་ཤི་ཡའི་རྒྱལ་ས་ཀོ་ལ་ལན་པུར་སོགས་ཐོངས་མཆན་རག་སླ་བའི་རྒྱལ་ཁབ་ཁག་ཏུ་ཁྲིད། དྷུ་བྷེ་དང་ཀོ་ལ་ལན་པུར། རྒྱ་གར་སོགས་ནས་ཡིག་ཆ་དང་ཐོངས་མཆན་རྫུན་མ་བཟོས་ཏེ་ཨུ་རུ་སུར་ཁྲིད། མོ་སི་ཀོར་བསླེབས་པའི་རྗེས་སུ་བར་པ་ཚོས་ལས་ཀའི་གན་རྒྱ་ཁག་ལ་འགྱུར་བ་བཏང་སྟེ་ཨུ་རུ་སུའི་དམག་ཁོངས་སུ་འཇུག་གི་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG