ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༥/༡༧

རྒྱ་ནག་གིས་ཨ་རིའི་ཉེས་ཆད་ལ་གཡོལ་ཐབས་ཀྱིས་ལྐོག་ཏུ་ཨུ་རུ་སུར་དངུལ་གཏོང་ལེན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག


པེ་ཅིང་དུ་གནས་འཁོད་རྒྱ་ནག་དངུལ་ཁང་གི་སྤྱི་ཁྱབ་ལས་ཁུངས།
པེ་ཅིང་དུ་གནས་འཁོད་རྒྱ་ནག་དངུལ་ཁང་གི་སྤྱི་ཁྱབ་ལས་ཁུངས།

༢༠༢༢ ལོར་ཨུ་རུ་སུས་ཡུག་ཀེ་རན་ལ་དྲག་པོས་བཙན་འཛུལ་བྱས་པ་ནས་བཟུང་སྟེ། ཨ་རིས་ཨུ་རུ་སུའི་དངུལ་ཁང་དང་ཁེ་ལས་ཁག་ལ་དཔལ་འབྱོར་གྱི་ཉེས་ཆད་ལྗི་མོ་བཅད་ཡོད་པའི་རྐྱེན་གྱིས། བར་ལམ་རྒྱ་ནག་གིས་ཨུ་རུ་སུ་དང་ཐད་ཀར་དངུལ་གཏོང་ལེན་བྱེད་ཀྱི་མེད་ཀྱང་། ཉེ་ཆར་རྒྱ་ནག་གི་དངུལ་ཁང་དང་ཁེ་ལས་འགའ་ཤས་ཀྱིས་ཨ་རིའི་དཔལ་འབྱོར་གྱི་ཉེས་ཆད་ལ་གཡོལ་ཐབས་ཆེད་དུ། ཨུ་རུ་སུའི་ས་མཚམས་ཀྱི་མ་དངུལ་བར་ཚོང་རྒྱག་མཁན་བརྒྱུད་ནས་ལྐོག་ཏུ་དངུལ་གཏོང་ལེན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག།

རེ་ཏྲེ་སིའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་དངུལ་ཁང་ཆེན་པོ་ཚོས་ཨ་རིའི་དཔལ་འབྱོར་ཉེས་ཆད་ལ་དོགས་ཟོན་ཡོད་པའི་རྐྱེན་ལས། རྒྱ་ནག་ལྷོ་རྒྱུད་གྲོང་ཁྱེར་ཀོང་ཏུང་ནང་དུ་གནས་འཁོད་གློག་ཆས་ཚོང་ཁང་ཞིག་གིས་ཚོང་རྫས་དེ་དག་ཨུ་རུ་སུའི་ནང་ཕྱིར་གཏོང་བྱ་རྒྱུའི་ཐད་ནས་དཀའ་ངལ་འཕྲད་ཀྱི་ཡོད་སྟབས། ད་ཆ་བཟོ་ཚོང་ཁང་དེས་ཨུ་རུ་སུའི་ས་མཚམས་སུ་མ་དངུལ་བར་ཚོང་རྒྱག་མཁན་བརྒྱུད་ནས་མངོན་ཆུང་གིས་ཚོང་རྫས་ཀྱི་རིན་པ་རྩིས་སྤྲོད་རྩིས་ལེན་བྱ་རྒྱུར་འཆར་གཞི་གཏིང་གི་ཡོད་པ་རེད་འདུག།

ཨ་རིས་ཨུ་རུ་སུར་ཉེས་ཆད་བཅད་པ་དང་དུས་མཉམ་དུ། རྒྱ་ནག་གིས་ཨུ་རུ་སུའི་གཞུང་འཛིན་གྱིས་ལངས་པའི་བཙན་འཛུལ་གྱི་དམག་འཁྲུག་ལ་དགོས་ངེས་ཀྱི་རམ་འདེགས་བྱེད་བཞིན་ཡོད་པར་སྐྱོན་བརྗོད་བྱས་ཡོད་པར་མ་ཟད། ཨ་རིས་ཨུ་རུ་སུ་ལ་དཔལ་འབྱོར་ཉེས་ཆད་བཅད་པ་དེས། ད་ཆ་རྒྱ་ནག་གི་དངུལ་ཁང་ཁག་དང་ལྷག་དོན་དུ་ཨུ་རུ་སུ་དང་རྒྱ་ནག་དབར་དམག་དོན་མིན་པའི་ཚོང་དོན་གྱི་མ་དངུལ་གཏོང་ལེན་ཐད་ནས་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་རེད།

གནས་ཚུལ་ཤེས་རྟོགས་ཡོད་མཁན་གྱིས་རེ་ཏྲེ་སི་གསར་ཁང་ལ་བརྗོད་དོན་དུ། རྒྱ་ནག་གི་དངུལ་ཁང་ཆེན་པོ་དེ་དག་ཨུ་རུ་སུ་དང་འབྲེལ་བ་ཡོད་པའི་ཚོང་དོན་གྱི་མ་དངུལ་ཁྲོམ་ར་ནས་ཕྱིར་འཐེན་བྱེད་བཞིན་ཡོད་པ་དང་བསྟུན་ནས། རྒྱ་ནག་གི་བཟོ་ཚོང་ཁང་འགའ་ཤས་ཀྱིས་ས་མཚམས་སུ་གནས་འཁོད་དངུལ་ཁང་ཆུང་གྲས་དང་། གསང་བའི་སྒོ་ནས་མ་དངུལ་གཏོང་ལེན་བྱེད་སའི་ཐབས་ལམ་སོགས་བརྒྱུད་ནས་མ་དངུལ་གཏོང་ལེན་བྱེད་ཀྱི་ཡོད་པ་དང་། ཡང་བཟོ་ཚོང་ཁང་འགའ་ཤས་ཨུ་རུ་སུའི་ཁྲོམ་རའི་ནང་ནས་ཡོངས་སུ་ཕྱིར་འཐེན་བྱས་ཚར་ཡོད་པའི་གནས་ཚུལ་སྤེལ་འདུག།

ཟླ་བ་གོང་མའི་ནང་། རྒྱ་ནག་གི་དངུལ་ཁང་གིས་ཨུ་རུ་སུ་དང་འབྲེལ་ཡོད་ཀྱི་ཚོང་དོན་བརྗེ་རེས་སྐོར་ལ་ཞིབ་བཤེར་ནན་མོ་བྱེད་འགོ་ཚུགས་ཡོད་པ་དང་། ཨ་རིའི་ཉེས་ཆད་གཅད་ཡུལ་དུ་མི་འགྱུར་ཆེད་རྒྱ་ནག་གི་བཟོ་ཚོང་ཁང་འགའ་ཤས་ལ་ཨུ་རུ་སུ་དང་ཚོང་འབྲེལ་མཚམས་འཇོག་བྱས་བཅུག་ཡོད་པའི་གནས་ཚུལ་ཡང་ཐོན་འདུག། རྒྱ་ནག་གི་ཤར་ལྷོ་ཁུལ་གྱི་ཞིང་ཆེན་ཁག་གི་ནང་རྒྱ་ནག་གི་ཁེ་ལས་དང་ཨུ་རུ་སུའི་ཁེ་ཕན་སྐོར་འགན་ཁུར་མཁན་གྱི་ལས་ཁུངས་ཀྱི་ངོས་ནས། རྒྱ་ནག་དང་ཨུ་རུ་སུའི་བར་གྱི་ཚོང་དོན་བརྗེ་རེས་མང་པོ་ཞིག་གསང་བའི་སྒོ་ནས་སམ་ལྐོག་ཏུ་བྱེད་ཀྱི་ཡོད་པ་དང་། བྱེད་སྟངས་དེ་ལ་རང་བྱས་རང་ཕུང་གི་ཉེན་ཁ་ཆེན་པོ་ཡོད་པའི་ཉེན་བརྡ་བཏང་འདུག།

དེ་བཞིན་ཡང་མོ་སི་ཁོར་གནས་སྡོད་ཨུ་རུ་སུའི་དངུལ་ཁང་གཉེར་མཁན་ཞིག་གིས། ད་ལྟ་གསང་གྲངས་ཡོད་པའི་མ་དངུལ་བརྒྱུད་ནས་དངུལ་གཏོང་ལེན་བྱེད་པ་ནི་བརྒྱུད་ལམ་ཉག་ཅིག་དེ་ཆགས་ཡོད་ཅིང་། རྒྱུ་མཚན་ནི་རྒྱ་ནག་གི་དངུལ་ཁང་ཆེ་ཆུང་གང་གིས་ཀྱང་ཕ་རོལ་པོའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། ཅེས་བརྗོད་འདུག། གོང་ཞུས་ཀྱི་བརྗོད་གཞི་དེ་དག་ཚོར་བ་སྐྱེན་པོ་ཡིན་པའི་རྐྱེན་གྱིས་རེ་ཏྲེ་སིའི་གསར་ཁང་གིས་དེའི་ཐད་ཀྱི་གནས་ཚུལ་ཞིབ་ཕྲ་དང་། རྒྱ་ནག་གི་དངུལ་ཁང་ཁག་གིས་ལྐོག་ཏུ་མ་དངུལ་གཏོང་ལེན་བྱེད་བཞིན་པའི་གཞི་རྒྱ་ཆེ་ཆུང་སོགས་མཐའ་གསལ་རྒྱས་གཤོམས་ཀྱིས་གནས་ཚུལ་ཞིབ་གསལ་རྒྱུས་ལོན་བྱས་ཐུབ་མེད་པ་རེད་འདུག།

རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་བརྗོད་དོན་བྱས་ན། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་དེ་དོན་ཤེས་རྟོགས་གསལ་པོ་བྱུང་མེད་པ་དང་། གནད་དོན་དེ་འབྲེལ་ཡོད་ཀྱི་ལས་ཁུངས་ཁག་ལ་འདྲི་རྩད་བྱ་ཆོག་ཅེས་གནད་དོན་དེ་ལ་གཡོལ་ཐབས་བྱས་ཡོད་པ་རེད། དེ་བཞིན་རྒྱ་ནག་མི་དམངས་དངུལ་ཁང་དང་རྒྱ་ནག་གི་མ་དངུལ་དོ་དམ་ལས་ཁུངས་སོགས་ཀྱིས་ཀྱང་རེ་ཏྲེ་སིའི་གསར་ཁང་གི་དྲི་བ་ལ་ལན་འདེབས་གང་ཡང་བྱས་མི་འདུག།

དེ་ཡང་རྒྱ་ནག་གིས་སྤེལ་བའི་གཞི་གྲངས་གསར་ཤོས་ལས། རྒྱ་ནག་གི་དངུལ་ཁང་ཆེ་ཤོས་བཞིའི་ནང་ནས། རྒྱ་ནག་གི་འཛུགས་སྐྲུན་དངུལ་ཁང་གི་ཨུ་རུ་སུའི་ཡན་ལག་བཟོ་ཚོང་ཁང་ལ། ན་ནིང་ལོར་མ་རྩ་བརྒྱ་ཆའི་༡༤ ཙམ་མར་ཆག་ཡོད་པ་དང་། རྒྱ་ནག་གི་ཞིང་ལས་དངུལ་ཁང་གི་མ་རྩ་དེ་ཡང་བརྒྱ་ཆའི་༧ ཙམ་མར་ཆག་འདུག། དེ་ཚོ་དང་བསྡུར་ན། རྒྱ་ནག་གི་བཟོ་ཚོང་དངུལ་ཁང་གི་ཨུ་རུ་སུའི་ཡན་ལག་བཟོ་ཚོང་ཁང་ལ་མ་རྩ་བརྒྱ་ཆའི༤༣ ཙམ་ཡར་འཕར་ཡོད་པ་རེད་འདུག། རྒྱ་ནག་དངུལ་ཁང་གིས་དེའི་སྐོར་གྱི་གཞི་གྲངས་སོགས་གང་ཡང་མཁོ་སྤྲོད་བྱས་མེད་པ་དང་། རེ་ཏྲེ་སིའི་གསར་ཁང་གིས་ཨུ་རུ་སུ་དང་རྒྱ་ནག་དབར་ཚོང་དོན་བརྗེ་རེས་སྐོར་བཏོན་པའི་དྲི་བ་ལ་གོང་ཞུས་དངུལ་ཁང་བཞི་པོས་ལན་འདེབས་བྱས་མེད་པ་རེད་འདུག།

གླེང་སྟེགས།

XS
SM
MD
LG