Accessibility links

བཙུན་མ་ཆོས་བཟང་གིས་རང་ལུས་མེར་སྲེག


བཙུན་མ་ཆོས་བཟང་གིས་རང་ལུས་མེར་སྲེག

ཕྱི་ཟླ་༡༡་ཚེས་༣་ཉིན་ཁམས་རྟའུ་ས་ཁུལ་གྱི་དགའ་ལྡན་ཆོས་གླིང་ངམ། བྱང་ཆུབ་ཆོས་གླིང་གི་བཙུན་མ་ཞིག་གིས་རང་ལུས་མེར་སྲེག་བཏང་སྟེ། ཁོང་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་བོད་མི་དམངས་ལ་གདུག་རྩུབ་ཆེ་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་བཞིན་ཡོད་པ་དེར་ངོ་རྒོལ་བྱས་ཡོད་ཅིང་། དཔལ་ལྡན་ཆོས་འཚོ་འམ། ཡང་ན་མི་གཞན་ལ་ཆོས་བཟང་ཞེས་རང་ལོ་༣༥་ལ་སོན་པའི་བཙུན་མ་དེའི་ལུས་པོ་མེར་ཚིག་ནས་འཆི་སྐྱོན་བྱུང་རུང་། ཁོང་གི་ལུས་པོར་མེ་འབར་བཞིན་པའི་སྐབས་སུ་བོད་ལ་རང་དབང་དགོས་པ་དང་རྒྱ་ནག་གཞུང་གིས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཆིབས་སྒྱུར་གནང་དུ་འཇུག་དགོས། ༧གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཅེས་སྐད་འབོད་བྱས་འདུག་ཅིང་། ད་ལྟ་བཙུན་མ་འདས་པོ་དཔལ་ལྡན་ཆོས་འཚོའི་ཕུང་པོ་རྟའུ་ཉིན་མཚོ་དགོན་པར་བཞག་སྟེ། རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པས་རྟའུ་ཉིན་མཚོ་དགོན་པའི་གྲྭ་དམངས་ལ་བཙུན་མ་དེའི་ཕུང་པོ་རྩིས་སྤྲོད་བྱེད་དགོས་ཞེས་བཙན་བཀག་གཏོང་གི་ཡོད་པ་དང་། ཕྱི་ལོ་༢༠༡༡་གི་ཕྱི་ཟླ་༣་ནས་བཟུང་། ད་བར་རྔ་བ་ས་ཁུལ་དང་ཁམས་རྟའུ། དཀར་མཛེས་ས་ཁུལ་བཅས་སུ་བོད་པ་སེར་སྐྱ་༡༡་གིས་རང་སྲོག་བློས་བཏང་ནས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་པ་མ་ཟད། ཁོང་ཚོའི་གྲས་ཀྱི་མི་༦་ལ་སྲོག་སྐྱོན་དང་མི་ལྔའི་ལུས་པོ་ལ་མེ་སྐྱོན་ཚབས་ཆེ་ཕོག་ཡོད་ཅིང་། རྒྱ་ནག་གི་ཤིན་ཧྭ་གསར་འགྱུར་ལས་ཁང་གིས་དེ་རིང་ཉིན་གུང་ཆུ་ཚོད་༡༢་དང་སྐར་མ་༥༠་ཙམ་ལ་རྟའུ་ས་ཁུལ་གྱི་བཙུན་མ་རང་ལོ་༣༥་ལ་སོན་པ་དང་། མིང་ལ་ཆོས་བཟང་ཟེར་པ་ཞིག་གིས་རང་ལུས་མེར་སྲེག་བཏང་ནས་འཆི་སྐྱོན་བྱུང་མོད། འོན་ཀྱང་ཁོང་གིས་རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱུ་རྐྱེན་ཅི་ཡིན་གསལ་བོ་མི་འདུག་ཅེས་གནས་ཚུལ་སྤེལ་ཡོད་པ་དང་། ང་ཚོས་འབྲེལ་ཡོད་མི་སྣ་ཚོར་བཅར་འདྲི་ཞུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཁམས་རྟའུ་ས་ཁུལ་གྱི་ཉིན་མཚོ་དགོན་པའི་གྲྭ་བ་དང་དགའ་ལྡན་ཆོས་གླིང་གི་བཙུན་མ། ད་དུང་ས་གནས་དེའི་མི་མང་བཅས་སེར་སྐྱ་མང་ཚོགས་ཀྱིས་ཉིན་ཤས་རིང་སྨྱུང་གནས་སྲུང་བ་དང་། གཟའ་ཕུར་བུའི་རྟའུ་རྣམ་རྒྱལ་མཆོད་རྟེན་མདུན་དུ་ཉིན་སྨྱུང་གནས་གྲོལ་པ་དང་མི་ཚོགས་ཆེ་བའི་གོ་སྐབས་བཟུང་སྟེ། བཙུན་མ་དཔལ་ལྡན་ཆོས་འཚོས་སྣུམ་འཐུང་བ་དང་ལུས་ལ་ས་སྣུམ་བྱུགས་པ་དང་། ཁོང་གིས་ཉེ་ཆར་རྟའུ་ཉིན་མཚོ་དགོན་པའི་གྲྭ་བ་ཚེ་དབང་ནོར་བུས་རང་ལུས་མེར་སྲེག་གཏོང་ཡུལ་དེར་ལུས་པོར་མེ་སྤར་ནས་རང་སྲོག་བློས་གཏོང་གི་ངོ་རྒོལ་བྱས་ཡོད་པ་རེད།

XS
SM
MD
LG