བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ས་ག་ཟླ་བའི་ཚེས་ ༤ ཉིན་གྱི་ཞོགས་པར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཚེས་ ༡ ནས་༧ བར་འཚོག་བཞིན་པའི་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་གནང་མཛད་སྐོར་བསྟན་འཛིན་དབང་འདུས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
རྒྱལ་སྤྱིིའི་གསར་འགོད་རང་དབང་ཉིན་མོ་དང་བསྟུན་ཚེས་༣ ཉིན་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱིས་ཉིན་མོ་འདི་སྲུང་བརྩི་གནང་བ་དང་སྦྲགས་ཚོགས་གཙོ་སྐལ་བཟང་སྦྱིན་པས་བོད་ནང་གི་གསར་འགོད་པ་མང་དག་ཅིག་བོད་ཕྱི་ནང་གཉིས་སུ་དམར་ཤོག་ཚོགས་པའི་ཆབ་སྲིད་དྲིལ་བསྒྲགས་བྱེད་མཁན་གྱི་ལག་ཆར་བཀོལ་སྤྱོད་བྱེད་བཞིན་པའི་སྐྱོན་བརྗོད་བྱས་འདུག
བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་སུ་ཆགས་པའི་ས་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་སྤྱི་ཟླ་༤ ཚེས་ ༣༠ ཉིན་རིགས་སློབ་མ་ལག་གཉིས་ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོ་དེ་མཐོ་སློབ་ཀྱི་ཚོགས་ཁང་དུ་ཚོགས་གནང་སོང་བ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་སློབ་སྩལ་གནང་སོང་།
ཀུན་གཟིགས་པཎ་ཆེན་མཆོག་འདི་ལོ་དགུང་གྲངས་༣༥ ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་ཆེན་དེ་སྤྱི་ཟླ་༤ ཚེས་ ༢༥ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་ལས་ཟུར་རྣམས་གཙོས་པའི་ཨི་སི་ཏཱོ་ནི་ཡ་གྲོས་ཚོགས་འཐུས་མི་སོགས་ལྷན་འཛོམས་ཐོག་གཞུང་འབྲེལ་སྲུང་བརྩི་ཞུས།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ཀྱི་ཞོ་སྟོན་ཐེངས་ ༢༧ ཐོག་བཅར་བའི་ལྷ་མོ་ཚོགས་པ་ཁག་ཅིག་དང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༤ པའི་ཚོགས་བཅར་བ་ཚོས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྤྱི་ཟླ་ ༤ ཚེས་ ༢༢ ཉིན་མགོན་པོ་མཆོག་གིས་ཁོང་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ།
ད་རེས་ཀྱི་ཁ་བའི་མི་སྣའི་ལེ་ཚན་ནང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་སྨན་པ་དང་སྐུ་བཅར་སྨན་པ་ཚེ་དབང་རྟ་མགྲིན་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་ཐད་ལ་ཁོང་རང་ཉིད་དང་ལྷན་དུ་གླེང་མོལ་ཞུས་པ་ཞིག་ཡིན།།
དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་འགོ་ཁྲིད་འོག ཉེ་ཆར་བོད་ནས་རྒྱ་གར་དུ་འབྱོར་བའི་བོད་ཀྱི་བུད་མེད་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་རྒྱ་ནག་གཞུང་གིས་བཙན་གནོན་འོག་དཀའ་སྡུག་མནར་གཅོད་མྱང་བའི་རྒྱུད་རིམ་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་འདུག
དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་འདི་སྤྱི་ཟླ་ ༤ ཚེས་ ༡༩ཉིན་བཀའ་བློན་ཁྲིད་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གདན་ཞུས་ཀྱིས་རྡ་ཤོད་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭའི་ནང་མཛད་སྒོ་ཞིག་འཚོགས་གནང་ཡོད་པའི་སྐོར་བསྟན་འཛིན་དབང་འདུས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གསར་འཛུགས་གནང་མཁན་དང་དྲུང་ཆེ་བཀྲིས་ཚེ་རིང་ལགས་འཚོག་ལ་ཉེ་བའི་ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་སྐྱར་གསོའི་དབུ་འབྱེད་མཛད་སྒོ་ཞིག་ཐའེ་ཝན་དུ་འཚོག་གཏན་འཁེལ་ཡོད་པ།
ཨ་རིའི་མི་ནེ་སོཊ་ནང་བོད་ཕྲུག་ཆེད་དུ་ཅ་ཊྲར་སློབ་གྲྭ་གསར་བཙུགས་ཆོག་པའི་བཀའ་འཁྲོལ་བྱུང་ཡོད་པ་སོགས་ཀྱི་སྐོར་ཐུབ་བསྟན་ཟླ་གྲགས་ལགས་ཀྱིས་༧གོང་ས་མཆོག་མཇལ་ཞུ་བརྒྱུད་སྙན་གསན་ཞུས་ཡོད་པའི་སྐོར།
སྟོན་པ་ཐུབ་པའི་དབང་པོའི་ཕྱག་གི་རིང་བསྲེལ་ཞིག་སྤྱི་ཟླ་ ༤ ཚེས་ ༤ ཉིན་ཤྲི་ལངྒའི་དགེ་འདུན་འདུས་ཚོགས་ཀྱིས་བཞུགས་སྒར་དྷ་རམ་ས་ལར་གདན་འདྲེན་ཞུས་ཏེ་༧གོང་ས་མཆོག་ལ་འབུལ་བ་དང་། རིང་བསྲེལ་གདན་ཞུའི་སྐབས་མགོན་པོ་གང་ཉིད་མཆོག་ཕོ་བྲང་གི་གཟིམས་སྒོར་རིང་བསྲེལ་སྤྱན་འདྲེན་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་པ་རེད།
ཤྲི་ལངྒ་གི་ནང་པའི་བླ་ཆེན་ན་ཡ་ཀ་ ཐེ་རོ་མཆོག་གིས་ སི་རི་ལངྒའི་དགེ་འདུན་འདུས་ཚོགས་ཡོངས་ཀྱི་ཚབ་ཞུས་སྟེ་༧གོང་ས་མཆོག་ལ་སྟོན་པའི་རིང་བསྲེལ་ཐུགས་དམ་གྱི་རྟེན་དུ་འབུལ་ལམ་ཞུས་ཡོད་པའི་སྐོར།
སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་སྔོན་རྩིས་གྲོས་ཚོགས་འདི་བཞིན་དེ་རིང་སྤྱི་ཟླ་ ༣ ཚེས་ ༢༩ ཉིན་མཇུག་སྒྲིལ་གནང་སོང་། བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༤ ནས་༢༥ ལོའི་ལས་ཁུངས་མ་ལག་དང་བཅས་པའི་དགོས་དངུལ་སྔོན་རྩིས་བཀའ་འཁྲོལ་བྱུང་བ།
སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་སྐབས་ཡིག་ཆ་ཨང་ ༡༥ ཁྲིམས་བཟོ་ལས་དོན་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་དེ་སྤྱི་ཟླ་ ༣ ཚེས་ ༢༥ ཉིན་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུས་གནང་།
དཔེ་ཀློག་ལེ་ཚན་ལ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཡེ་ཤེས་བསམ་གྲུབ་ཀྱིས་བརྩམས་པའི་སྟག་ལུང་པའི་ཆོས་སྲིད་བྱུང་ཚུལ་ངོ་མཚར་ཀུན་གསལ་མེ་ལོང་མཚམས་སྦྱོར་ཞུ། དཔེ་དེབ་འདིར་གྭ་ཟིའི་གདུང་རབས་དང་དཔལ་སྟག་ལུང་ཡར་ཐང་རྡོ་རྗེ་གདན་གྱི་ཁྲི་རབས། རི་བོ་ཆེ་ཡང་དགོན་གྱི་ཁྲི་རབས་རྣམ་ཐར་ཁ་སྐོང་སོགས་ཡོད།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ། ལས་ཉིན་ ༤ པའི་ཚོགས་ཐུན་གཉིས་པའི་ཐོག་གྲོས་ཚོགས་ལ་ཨ་མི་རི་ཀའི་གཞུང་གིས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་གནང་བ་དེ་དག་གཙོ་བོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ལས་བྱུང་བ་ཞིག་ཡིན་པ་གསུང་པ།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་༢༠༢༣ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་ཞིག་དེ་རིང་སྤྱི་ཟླ་ ༣ ཚེས་ ༢༠ ཉིན་ལྟེ་གནས་ཁང་གི་ཚོགས་ཁང་དུ་དབུ་འབྱེད་གནང་སོང་། སྙན་ཐོ་དེ་ནི་བོད་ཡིག་དང་དབྱིན་ཡིག རྒྱ་ཡིག་བཅས་སྐད་རིགས་གསུམ་གྱི་ཐོག་བཀྲམས་ཡོད།
བོད་ནང་གི་ཛ་དྲག་གི་གནས་སྟངས་དང་འབྲེལ་བའི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་བའི་སྐབས་སྤྱི་འཐུས་ཁག་ཅིག་གི་དགོངས་ཚུལ་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསལ་བཤད་གནང་བ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་ནང་འཚེ་མེད་ཞི་བའི་ཐོག་ནས་རང་དབང་འཐབ་རྩོད་གནང་མཁན་སྙན་གྲགས་ཅན་མར་ཊིན་ལུ་དྷར་ཀིང་གི་སྲས་དང་། ཁོང་གི་ནང་མི་བཅས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་འདི་ཚེས་ ༡༨ ཉིན་མགོན་པོ་མཆོག་ནས་ཁོང་རྣམས་ལ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་མཇལ་ཁ་དང་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད།
བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་གཉིས་ཀྱི་སྣེ་ཁྲིད་འོག་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ཉེ་འགྲམ་གྱི་དཔའ་བོའི་རྡོ་རིང་སར་མི་མང་འདུ་འཛོམས་ཀྱིས་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་ཀྱིས་བུད་མེད་སྒེར་ལངས་དུས་དྲན་ཐེངས་ ༦༥ པ་སྲུང་བརྩི་ཞུས་གནང་སོང་།
མང་སྣོན།